གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕྲལ་འཕྲལ་སྦེ་ར་ ཁང་གླ་ཡར་སེང་འབད་མི་ལུ་ དབུགས་འགམ་བྱུང་དོ་ཡོདཔ།

༢༥/༢/༢༠༡༣   ༉ དབང་འདུས་བ་འཇོ་ཁྲོམ་ནང་ ཁང་གླར་སྡོད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་ ལོ་༡ དང་༢ ཀྱི་ ནང་འཁོད་ལུ་ར་ ལས་འགུལ་གྱི་ སྡོད་ཁྱིམ་ཚུ་ནང་ སྤོ་བཤུད་འབད་བའི་བསྒང་ལས་ ད་ལྟོའི་ སྒྲིང་ཁྱིམ་ཇོ་བདག་ཚུ་གི་ འོང་འབབ་ལུ་ ཐོ་ཕོག་ནིའི་ ཉེན་ཁ་ཡོད་པའི་སྐོར་ལས་ བརྡ་བརྒྱུད་ནང་ གནས་ཚུལ་བཀོད་བའི་ཤུལ་ལུ་ ཇོ་བདག་ལ་ལུ་ཅིག་གིས་ ཁང་གླ་ཡར་སེང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
བ་འཇོ་ཁྲོམ།


ཁང་གླར་སྡོད་མི་ཚུ་གིས་ སླབ་མིའི་ནང་ གནས་ཚུལ་དེ་ འདས་པའི་ཟླཝ་ནང་ བཀོད་པའི་ཤུལ་ལས་ སྒྲིང་ཁྱིམ་གྱི་ ཇོ་བདག་མང་ཤོས་ཅིག་གིས་ ཟླ་རིམ་གྱི་ཁང་གླ་ དངུལ་ཀྲམ་༥༠༠ དང་༡,༠༠༠ གི་བར་ན་ ཡར་སེང་འབད་ཡི་ཟེར་ཨིནམ་ད་ གལ་སྲིད་ བརྡ་བརྒྱུད་ནང་ གནས་ཚུལ་དེ་སྦེ་ མ་བྲིས་བ་ཅིན་ ཡར་སེང་མ་འབདཝ་འོང་ཟེར་ ཉོགས་བཤད་བཀོད་མི་ ཐོན་དོ་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་ལས་འགུལ་༢ པའི་ལས་བྱེདཔ་ བདེ་ཆེན་གྱིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ མོ་སྡོད་སའི་ སྒྲིང་ཁྱིམ་གྱི་ཁང་གླ་ དངུལ་ཀྲམ་༧,༥༠༠ འབད་མི་དེ་ དངུལ་ཀྲམ་༨,༠༠༠ ལུ་ ཡར་སེང་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ གནས་ཚུལ་བཀོད་པའི་ཤུལ་ལས་ དོན་ཆེད་འབད་དོ་བཟུམ་ མཐོང་ཡི་ཟེར་ཨིན་པས།
དབང་འདུས་རྫོང་ཁག་གི་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གིས་ ཁང་གླ་ལེན་ནིའི་ དམིགས་གཏད་བསྐྱེད་པའི་དུས་ཚོད་ལུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་གིས་ དེ་བཟུམ་མའི་ ལོ་རྒྱུས་སླབ་མི་ལུ་བརྟེན་ ཁོང་ཆ་ཁྱབ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
ལྷག་པར་དུ་ གློག་མེ་ལས་འགུལ་ནང་ལཱ་འབད་མི་ ལས་བྱེདཔ་ཚུ་དང་ཕྱདཔ་ད་ ཞི་གཡོགཔ་དང་ ལས་འཛིན་ དེ་ལས་ སྒེར་སྡེ་ནང་ ལཱ་འབད་མི་ཚུ་ དངུལ་ཕོགས་ཉུང་ནི་དེ་གིས་ ཁང་གླ་བཏབ་མ་ཚུགས་པའི་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ ཁང་གླ་ཡར་སེང་འབད་མི་དེ་ཡང་ དུས་ཡུན་དུམ་གྲ་ཅིག་ནང་ ཁང་གླ་ལུ་བརྟེན་ འོང་འབབ་བཟོ་ནི་ལུ་ དམིགས་ཏེ་བསྐྱེད་དེ་ཨིན་པས།
བ་འཇོ་ཁྲོམ་ཁར་ སྒྲིང་ཁྱིམ་༡༠༠ ལྷགཔ་ཅིག་ཡོད་མི་ག་ར་ དངུལ་ཁང་ཚུ་ལས་ དངུལ་བསྐྱིན་འགྲུལ་ལེན་ཏེ་ ཁྱིམ་རྐྱབ་ནི་དེ་གིས་ ཁང་གླའི་ཐོག་ལས་ བསྐྱིན་ཚབ་བཏབ་དགོཔ་ ཐོན་དོ་ཡོདཔ་ཨིན་པས།
ཡར་སེང་འབད་དགོ་པའི་ རྒྱུ་རྐྱེན་ངོ་མ་ར་ ཇོ་བདག་ཚུ་གིས་ དུས་ཡུན་ཐུང་ཀུ་ཅིག་ནང་ ཁང་གླ་ལུ་བརྟེན་ འོང་འབབ་བཟོ་ནིའི་དམིགས་གཏད་བསྐྱེད་མི་དེ་ཡང་ ཁང་གླར་སྡོད་མི་ མང་ཤོས་ར་ ལོ་༢ དང་༣ གྱི་ནང་འཁོད་ལུ་ བ་འཇོ་ཁྲོམ་ལས་ འཐོན་འགྱོ་བའི་སྐབས་ལས་ ཁོང་གི་འོང་འབབ་ལུ་ ཐོ་ཕོག་ནི་དེ་གིས་ཨིན་པས།
དེ་ཡང་ ཁང་གླར་སྡོད་མི་བརྒྱ་ཆ་༩༠ དེ་ཅིག་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་ཨིནམ་ལས་ ད་ལྟོ་ དགའ་སེང་ཚོ་འོགམ་རྒེད་འོག་ འཇིགས་མེད་ཐང་ཀ་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ལས་འགུལ་དང་པའི་སྡོད་ཁྱིམ་ནང་ ལ་ལུ་གིས་ དུས་ཅི་ སྤྱི་ཟླ་༨ པའི་ནང་ལས་ སྤོ་བཤུད་འབད་ཚུགས་ནི་ཨིན་པས།
ཇོ་བདག་ཚུ་གིས་ སྒྲིང་ཁྱིམ་རྐྱབ་པའི་སྐབས་ བསྐྱིན་འགྲུལ་ལེན་མིའི་དོན་ལུ་ ཟླ་རིམ་གྱི་ སྤྲོད་རིམ་ཚུ་ཡང་ སྤྲོད་མ་ཚུགས་པའི་དཀའ་ངལ་་ཡོདཔ་ད་ ལ་ལུ་ཅིག་གིས་ ཁང་གླ་ལེན་མི་དེ་གིས་ ཟླ་རིམ་གྱི་སྤྲོད་འཐུས་ཡང་ བཏབ་ནི་མ་ལང་པའི་དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དེའི་གྲས་ལས་ སྐྱེས་ལོ་༤༥ ལང་མི་ཅིག་གིས་ སླབ་མིའི་ནང་ མོ་གིས་ དངུལ་ཁང་ནང་ལས་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༤ ལེན་མིའི་ སྤྲོད་རིམ་དངུལ་ཀྲམ་༦༠,༠༠༠ བཏབ་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ གླ་ཁར་སྡོད་མི་ཚུ་ ཐོན་འགྱོ་བའི་བསྒང་ལས་ཧེང་སྐལ་ར་ དཀའ་ངལ་འཐོན་ནི་ཨིནམ་ལས་ ད་ལྟོ་གོ་སྐབས་ཡོདཔ་ད་ར་ མ་དངུལ་བཟོ་ནི་ལུ་ ཤུགས་བཏོན་དོ་ཟེར་ཨིན་པས།
དེ་བཟུམ་གྱི་ དཀའ་ངལ་དེ་ བ་འཇོ་ཁྲོམ་ལུ་ཡོད་པའི་ སྒྲིང་ཁྱིམ་གྱི་ཇོ་བདག་ ལེ་ཤ་ཅིག་ལུ་ འབྱུང་ནི་ཨིནམ་ད་ ཁོང་གིས་ དངུལ་ཁང་ཚུ་ལས་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣ ལས་༩ གི་བར་ན་ལེན་ཏེ་ སྒྲིང་ཁྱིམ་རྐྱབ་མི་ལུ་བརྟེན་ བསྐྱིན་ཚབ་བཏབ་ནིའི་ འཐོན་ཁུངས་ངོ་མ་ར་ ཁང་གླ་ཨིན་རུང་ ཁང་གླར་སྡོད་མི་ཚུ་ ཐོན་འགྱོ་བའི་བསྒང་ལས་ བསྐྱིན་འགྲུལ་གྱི་གནས་ཡུན་ ལོ་ངོ་༢༠ དང་༢༥ གི་བར་ན་ བཏབ་ཚར་ནི་ལུ་ བར་རྐྱེན་རྐྱབ་ནིའི་ཉེན་ཁ་ཡོདཔ་ཨིན་པས།
ཁོང་གི་འོང་འབབ་ལུ་ གནོད་ནིའི་རྒྱུ་རྐྱེན་ངོ་མ་ར་ སྤུ་ན་གཙང་ཆུ་ལས་འགུལ་དང་པའི་ སྡོད་ཁྱིམ་གྱི་ཁང་མིག་༥༤༠ དེ་ སང་ཕོད་ལས་ བཟོ་སྐྲུན་འབད་ཚར་བའི་བསྒང་ལས་ བ་འཇོ་ལུ་སྡོད་མི་ཚུ་གིས་ ལས་འགུལ་གྱི་ཁྱིམ་ནང་ འགྱོ་ནི་ཨིན་པའི་ཁར་ ལས་འགུལ་༢ པའི་དོན་ལུ་ཡང་ ཁང་མིག་༤༤༠ རྐྱབ་པའི་བསྒང་ལས་ ལས་འགུལ་གྱི་ལས་བྱེདཔ་ག་ར་ སྤོ་བཤུད་འབད་ནི་ཨིན་པས།
ལས་འགུལ་༢ པའི་སྡོད་ཁྱིམ་དེ་ བ་འཇོ་ཁྲོམ་ལས་ ཀི་ལོ་མི་ཊར་༣༠ དེ་ཅིག་གི་ས་ཁར་ དབུ་མ་དགེ་ཆུ་ཐང་ལུ་ རྐྱབ་ནི་ཨིན་པས།
སྒྲིང་ཁྱིམ་གྱི་ ཇོ་བདག་ཅིག་གིས་ སླབ་མིའི་ནང་ འཕྲལ་འཕྲལ་སྦེ་ར་ ཁང་གླ་ཡར་སེང་འབད་དགོ་མི་དེ་ཡང་ ད་ལྟོ་ གོ་སྐབས་ཡོད་པའི་སྐབས་ལས་ར་ ལེན་མ་ཚུགས་པ་ཅིན་ ལས་འགུལ་ནང་ལཱ་འབད་མི་ ལས་བྱེདཔ་ཚུ་ག་ར་ འཐོན་འགྱོ་བའི་བསྒང་ལས་ འོང་འབབ་བཟོ་ནི་ཕར་བཞག་ ཁྱིམ་སྟོངམ་འཐོན་ནིའི་ ཉེན་ཁ་ཡོད་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment