གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལཱ་གཡོག་འཚོལ་མི་ ན་གཞོན་ཚུ་གི་དོན་ལུ་ གོ་སྐབས་མང་ཤོས་ར་ སྒེར་སྡེ་ཚུ་གིས་བྱིན་དོ་ཡོདཔ།

༢༨/༢/༢༠༡༣   ༉ སྤྱི་ལོ་༢༠༡༣ གྱི་ ལཱ་གཡོག་བརྡ་དོན་ལམ་སྟོན་དཔེ་དེབ་ གསར་བཏོན་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སློབ་རིམ་༡༠ པ་དང་༡༢ པའི་ན་གཞོན་ ལཱ་གཡོག་འཚོལ་མི་ཚུ་ལུ་ སྦྱོང་བརྡར་གྱི་ གོ་སྐབས་མང་ཤོས་ར་ སྒེར་སྡེ་ཚུ་གིས་ བྱིནམ་མས་ཟེར་ འཁོད་དེ་ཡོདཔ་ཨིན་པས།
བློན་པོ་རྡོ་རྗེ་དབང་འདུས་ཀྱིས་ ལམ་སྟོན་དཔེ་དེབ་ གསར་བཏོན་འབད་བའི་བསྒང་།


སྤྱི་ལོ་༢༠༡༢ ཀྱི་ སློབ་རིམ་༡༠ པ་དང་༡༢ པ་མཐར་འཁྱོལ་མི་ ན་གཞོན་བསྡོམས་༡༩,༤༧༩ ཡོད་མིའི་གྲས་ལས་ སློབ་རིམ་༡༠ པ་༡,༠༠༨ དང་ སློབ་རིམ་༡༢ པ་༥,༥༤༦ གྱིས་ ལཱ་གཡོག་ནང་ འཛུལ་ནིའི་དོན་ལུ་ དམིགས་ཚད་བསྐྱེད་ཡོདཔ་ཨིན་པས།
ན་གཞོན་ལཱ་གཡོག་འཚོལ་མི་ཚུ་གི་དོན་ལུ་ ལས་གཡོག་ལྷན་ཁག་གིས་ སྦྱོང་བརྡར་གྱི་གོ་སྐབས་༡༡,༦༥༡ དང་ ལཱ་གཡོག་གི་གོ་སྐབས་༣,༢༨༨ བསྡུ་སྒྲིག་འབད་ཡོདཔ་ད་ སྦྱོང་བརྡར་དང་ ལཱ་གཡོག་གི་གོ་སྐབས་ཚུ་ གཞུང་དང་སྒེར་སྡེ་༢ ཆ་ར་ནང་ལས་ཨིན་པས།
ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༣ གྱི་ ལཱ་གཡོག་ལམ་སྟོན་དཔེ་དེབ་དེ་ སྤྱི་ཟླ་དང་པའི་ཚེས་༤ ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༢ པའི་ཚེས་༤ གི་ ནང་འཁོད་ལུ་ ལས་སྡེ་དང་ ལས་འཛིན་ཁག་༤,༥༠༠ དེ་ཅིག་ བརྟག་ཞིབ་འབད་བའི་ཤུལ་ལུ་ བསྡུ་སྒྲིག་འབད་འབདཝ་ཨིན་ཟེར་ཨིན་པས།
སློབ་རིམ་༡༠ པ་མཐར་འཁྱོལ་ཏེ་ ལཱ་གཡོག་འཚོལ་མི་ཚུ་གི་དོན་ལུ་ སྦྱོང་བརྡར་གྱི་ས་སྟོང་་༣,༣༩༩ དེ་ཅིག་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྒེར་སྡེ་ཚུ་གིས་ རྒྱལ་ཁབ་ནང་འཁོད་ལུ་ སྦྱོང་བརྡར་གྱི་ ས་སྟོང་༣,༠༧༦ དེ་ཅིག་ ཡོདཔ་ཨིན་པས།
གཞུང་གཡོག་ནང་ས་སྟོང་ དཔེ་འབད་བ་ཅིན་ ཕྱགསམ་འཕྱག་མི་དང་ བཞེས་སྒོ་འབད་མི་ དེ་ལས་ དེད་གཡོགཔ་ལ་སོགས་པ་ཚུ་གི་དོན་ལུ་ གཡོག་གི་ས་སྟོང་༢༣༦ ཡོདཔ་བཞིན་དུ་ སྒེར་སྡེ་ཚུ་ནང་ཡང་ དེ་བཟུམ་མའི་ ལཱ་གཡོག་གི་ས་སྟོང་༡,༧༩༨ ཡོདཔ་ཨིན་པས།
དངུལ་ཕོགས་ཀྱི་ ཚད་གཞི་དེ་ཡང་ དངུལ་ཀྲམ་༢,༥༠༠ ལས་ དངུལ་ཀྲམ་༡༠,༠༠༠ གྱི་བར་ན་ཨིན་པས།
སློབ་རིམ་༡༢ པའི་ ན་གཞོན་ལཱ་གཡོག་འཚོལ་མི་ཚུ་གི་དོན་ལུ་ གཞུང་གི་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ སྦྱོང་བརྡར་གྱི་ས་སྟོང་༢༠༠ དེ་ཅིག་ཡོདཔ་ད་ དེ་བཟུམ་སྦེ་ སྒེར་སྡེ་ཚུ་ནང་ ས་སྟོང་༤,༩༩༤ ཡོདཔ་ཨིན་པས།
གཞུང་གཡོག་ནང་ ས་སྟོང་༡༡༨ ཡོདཔ་ད་ སྒེར་སྡེ་དང་ ལས་འཛིན་ དེ་ལས་ བཟའ་ཁང་དང་ སྣུམ་འཁོར་བཅོ་ཁང་ ལྟ་བཤལ་ལས་སྡེ་ཚུ་ནང་ ལཱ་གཡོག་གི་ས་སྟོང་༨༣༦ ཡོདཔ་ཨིན་པས།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ལཱ་གཡོག་འཚོལ་མི་ ན་གཞོན་ཚུ་གི་ གྱངས་ཁ་དང་ཕྱདཔ་ད་ ལཱ་གཡོག་གི་ས་སྟོང་དེ་ར་ མངམ་སྦེ་ཡོད་ཟེར་ཨིན་པས།
མ་གཞི་ ལཱ་གཡོག་དང་སྦྱོང་བརྡར་གྱི་ གོ་སྐབས་ལེ་ཤ་ཡོད་དེ་འབད་རུང་ ན་གཞོན་གྱི་གདམ་ཁ་དང་ ལཱ་གཡོག་མ་མཐུན་མི་ལུ་བརྟེན་ཏེ་ གཡོག་མེད་པར་ ལུསཔ་མས་ཟེར་ཨིན་སཔ།
ན་གཞོན་ཚུ་ ཁོང་ར་གིས་དགའ་མི་ ལཱ་གཡོག་ཚུ་མ་ཐོབ་པའི་ཁར་ ལཱ་གཡོག་དང་བསྟུན་པའི་ ཉམས་མྱོང་དང་ ཁྱད་རིག་ཚུ་ཡང་ མེདཔ་ལས་བརྟེན་ བར་ན་ལས་ ལཱ་གཡོག་ཐོབ་མ་ཚུགས་པར་ དེ་སྦེ་ར་ ལུསཔ་མས་ཟེར་ཨིན་པས།
ལཱ་གཡོག་ལམ་སྟོན་དཔེ་དེབ་དེ་གིས་ དཔེ་ཆ་འཕྲོ་མཐུད་དེ་ ལྷབ་འདོད་ཡོད་མི་ ན་གཞོན་ཚུ་གི་དོན་ལུ་ཡང་ བརྡ་དོན་ཚུ་ ཁ་གསལ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
སློབ་རིམ་༡༠ པ་ མཐར་འཁྱོལ་མི་ཚུ་གི་དོན་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ གཞུང་གི་སློབ་གྲྭ་དང་ སྒེར་གྱི་སློབ་གྲྭ་ཚུ་ནང་ ས་སྟོང་༩,༥༢༥ ཡོདཔ་བཞིན་དུ་ སློབ་རིམ་༡༢ པ་ཚུ་གི་དོན་ལུ་ ས་སྟོང་༣,༤༠༠ ཡོདཔ་ཨིན་པས།
ལོ་བསྟར་བཞིན་དུ་ ཤེས་རིག་ལྷན་ཁག་གི་ཁ་ཐུག་ལས་ སློབ་ཕྲུག་༢༡༠ དེ་ཅིག་ལུ་ སློབ་གཉེར་གྲོགས་རམ་བྱིན་མིའི་ནང་ལས་ སློབ་ཕྲུག་༣༠ དང་༤༠ དེ་ཅིག་ རྒྱལ་ཁབ་ནང་འཁོད་ཀྱི་ སྒེར་གྱི་སློབ་གྲྭ་ཚུ་ནང་ གཏང་དོ་ཡོདཔ་ད་ བརྒྱ་ཆ་༤༠ དེ་ཅིག་གིས་ རང་གི་ ཟད་འགྲོ་བཏང་ཐོག་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་ སློབ་སྦྱོང་འབད་བར་ འགྱོ་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment