![]() |
དགེ་ལེགས་ཕུག་ནང་འཁོད་གནམ་ཐང་ནང་ གནམ་གྲུ་ཆགས་པའི་བསྒང་། |
ད་རེས་ནངས་པ་ དབང་འཛིན་འགོ་དཔོན་ཚུ་གིས་ གནམ་གྲུ་བཞག་ས་དང་ གླ་འཁོར་གྱི་ལམ་ ཉེན་སྲུང་གི་ ར་བ་རྐྱབ་ནི་ལ་སོགས་པའི་ ནང་འཁོད་འཕུར་འགྲུལ་ལག་ལེན་ཚུ་ལུ་མཁོ་བའི་ གཞི་རྟེན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
གཞི་རྟེན་གྱི་ ལཱ་དེ་ཚུ་ ཤུལ་མའི་ཟླཝ་དག་པ་ཅིག་གི་ ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།
རྒྱུག་ལམ་མི་ཊར་༡,༥༠༠ འབད་མི་ ནང་འཁོད་གནམ་ཐང་དེ་ ཨེ་ཊི་ཨར་གནམ་གྲུ་ཆུང་སུ་འབད་མིའི་དོན་ལུ་ བཟོ་སྐྲུན་འབད་མི་དེ་ ན་ཧིང་ མཇུག་བསྡུ་སྟེ་ སྤྱི་ཟླ་༡༡ པའི་ནང་ སྒོ་འབྱེད་འབད་ནུག།
ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་མདོ་ཆེན་ དབང་འདུས་རྒྱལ་མཚན་གྱིས་ མ་འོངས་པ་ལུ་ གནམ་ཐང་རྒྱ་བསྐྱེད་འབད་དགོཔ་དེ་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ སླབ་ཨིན་པས།
མ་གཞི་ མ་འོངས་པ་ལུ་ དགེ་ལེགས་ཕུག་ལུ་ ནང་འཁོད་འཕུར་འགྲུལ་གྱི་ རྒྱུན་བརྟན་ག་དེ་སྦེ་འོང་ག་ སླབ་མི་ཚུགས་ནི་ཨིན་རུང་ ཨེ་ཡར་བཱསི་ཨེ་༣༡༩ འབད་མི་ གནམ་གྲུ་ལག་ལེན་གྱི་དོན་ལུ་ གནམ་ཐང་རྒྱ་བསྐྱེད་འབད་བ་ཅིན་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེདཔ་ད་དང་ གློ་བུར་དུ་ གནམ་གྲུའི་རྒྱུན་ལམ་ ཁ་བསྒྱུར་གཏང་དགོཔ་ འཐོན་པའི་སྐབས་ལུ་ སྤ་རོ་རྒྱལ་སྤྱི་གནམ་ཐང་གི་ ལྷན་ཐབས་རྒྱབ་རྟེན་སྦེ་ ལག་ལེན་འཐབ་བཏུབ་ནི་ཨིན་པས།
འབྲུག་གནམ་གྲུ་ལས་འཛིན་གྱི་ འཛིན་སྐྱོང་གཙོ་འཛིན་ རྟ་མགྲིན་རྒྱ་མཚོ་གིས་ སླབ་མིའི་ནང་ གནམ་ཐང་རྒྱ་བསྐྱེད་ལུ་བརྟེན་ གནམ་གྲུ་ལས་འཛིན་ལུ་ ཕན་ཁྱད་འབྱུང་ནི་ཨིན་མི་དེ་ཡང་ གནམ་གཤིས་ངན་པའི་སྐབས་ལུ་ སྤ་རོ་གནམ་ཐང་ལག་ལེན་འཐབ་མ་བཏུབ་ད་ འཕུར་འགྲུལ་ཐོག་ཡོད་མི་ གནམ་གྲུ་དེ་ དགེ་ལེགས་ཕུག་ནང་འཁོད་གནམ་ཐང་ནང་ ཆགས་བཅུག་ཐོག་ལས་ བསྒུག་ཚུགས་འོང་ཟེར་ཨིན་པས།
ད་རེས་ནངས་པ་ འདི་བཟུམ་མའི་ གནས་སྟངས་ནང་ གནམ་གྲུ་བསྒུག་དགོཔ་བྱུངམ་ད་ འབྲུག་གི་གནམ་གྲུ་གིས་ བཱག་ཌོ་ར་དང་ ཡང་ཅིན་ ཀཱོལ་ཀ་ཊའི་ གནམ་ཐང་ཚུ་ ལག་ལེན་འཐབ་ཨིན་པས།
ཨེ་ཏི་ཨར་གནམ་གྲུའི་ རླུང་མའི་ཤུགས་ཚད་དང་འཁྲིལ་ བག་ཌོ་ར་ལས་ སྤ་རོ་ལུ་འོངམ་ད་ དུས་ཡུན་སྐར་མ་༣༥ འགོར་མི་དང་ཕྱདཔ་ད་ སྤ་རོ་ལས་ དགེ་ལེགས་ཕུག་ལུ་ འཕུར་འགྲུལ་གྱི་ དུས་ཡུན་སྐར་མ་༢༥ དེ་ཅིག་ འགོར་ནི་ཨིན་པས།
འབྲུག་གི་གནམ་གྲུ་སྦོམ་ཆགས་ནི་དང་ འཕུར་འགྲུལ་འབད་ནིའི་དོན་ལུ་ གནམ་ཐང་གི་རིང་ཚད་ མི་ཊར་༣༠༠ ཡར་སེང་འབད་ནི་ཨིན་པས།
དེ་འབདཝ་ད་ འབྲུག་གནམ་གྲུ་ལས་འཛིན་གྱིས་ དགེ་ལེགས་ཕུག་ལུ་ ནང་འཁོད་འཕུར་འགྲུལ་ ནམ་འགོ་བཙུགས་ནི་ཨིན་ན་་གཏན་འཁེལ་མ་བཟོ་བར་ཡོདཔ་ད་ རྟ་མགྲིན་རྒྱ་མཚོ་གིས་འབད་བ་ཅིན་ གཞི་རྟེན་མཐུན་རྐྱེན་ཚུ་ གྲ་སྒྲིག་དང་ འཕུར་འགྲུལ་འབད་མི་ མཁའ་འགྲུལཔ་ཚུ་གི་ མཁོ་འདོད་དང་འཁྲིལ་ འབྲུག་གནམ་གྲུ་ལས་འཛིན་གྱིས་ དགེ་ལེགས་ཕུག་ལུ་ འཕུར་འགྲུལ་འབད་ནི་ འགོ་བཙུགས་ནི་ཟེར་ ཨིན་པའི་གནས་ཚུལ།
No comments:
Post a Comment