གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་སྟོན་བརྩི་སྲུང་ནང་ ལྟདམོ་ལྟ་མིའི་གྱངས་ཁ་མར་བབས།

༢༦/༢/༢༠༡༣   ༉ བུམ་ཐང་རྫོང་ཁག་ ཆོས་འཁོར་རྒེད་འོག་ནང་ ལ་ཁ་ལས་ཕར་སྡོད་མི་ འབྱོགཔ་ཚུ་གི་དོན་ལུ་ ལོ་བསྟར་གྱི་དུས་སྟོན་བརྩི་སྲུང་ཚུ་ནང་ ལྟ་བཤལཔ་ལས་འགོ་བཟུང་ ལྟདམོ་ལྟ་བར་འོང་མིའི་གྱངས་ཁ་དེ་ མར་བབས་སོང་ཡོདཔ་ཨིན་རུང་ གླིང་ཀ་དང་ ལ་ཁ་སྡོད་མི་འབྱོགཔ་ཚུ་གིས་འབད་བ་ཅིན་ གནད་དོན་འདི་གི་སྐོར་ལས་ ཁག་ཆེ་ཧིང་དང་ གདོང་ལེན་ཚུ་ ག་ཅི་བཟུམ་ར་འབད་དགོཔ་ཨིན་ནའི་སྐོར་ལས་ ཧ་གོ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།


ལ་ཁར་སྡོད་མི་ཚུ་གི་སྐོར་ལས་ ཧ་གོ་ཚུགསཔ་བཟོ་ནིའི་དོན་ལུ་ རྫོང་ཁག་༨ ལས་ འབྱོགཔ་༡༠༥ གིས་ སྣང་སྲིད་འཕེལ་ལུ་ཡོད་མི་ དབང་ཕྱུག་བརྒྱ་འཁོར་གླིང་ཀ་ནང་སྦེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་མི་ དུས་སྟོན་ཐེངས་༤ པ་ བརྩི་སྲུང་འབད་ནིའི་དོན་ལུ་ སྤྱི་ཟླ་༢ པའི་ཚེས་༢༢ ལས་༢༣ ཚུན་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
དུས་སྟོན་དེ་གི་དོན་ལུ་ ཐིམ་ཕུ་དང་ བུམ་ཐང་ བཀྲ་ཤིས་གཡང་རྩེ་ བཀྲ་ཤིས་སྒང་ ཧཱ་ མགར་ས་ སྤ་རོ་ དེ་ལས་ དབང་འདུས་ཕོ་བྲང་རྫོང་ཁག་ཚུ་དང་ ལྟ་བཤལཔ་༡༤ དང་ ནང་འཁོད་ཀྱི་ མི་གྲངས་༣༠༠ ལྷགཔ་ཅིག་གིས་ སྤུངས་འཛོམས་ཡོདཔ་ཨིན་པས།
དེ་ནང་འབྲེལ་གཏོགས་འབད་མི་ འབྱོགཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྟདམོ་ལྟ་བར་འོང་མིའི་གྱངས་ཁ་ཚུ་ ལོ་བསྟར་བཞིན་དུ་ མར་བབས་འགྱོ་དོ་ཡོད་རུང་ ཁག་ཆེ་ཤོས་ར་ མི་གི་གྱངས་ཁ་ལུ་བལྟ་ནི་མིན་པར་ ལ་ཁར་སྡོད་མི་ཚུ་གི་ མི་ཚེའི་གནས་སྟངས་སྐོར་ལས་ ཤེས་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
གླིང་ཀའི་འཛིན་སྐྱོང་འགོ་དཔོན་ ཌི་ཨེསི་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཚོད་འ་ནེམ་གཅིག་ཁར་ ལྟ་བཤལ་མང་སུ་འཛོམས་ནིའི་ དམིགས་གཏད་བསྐྱེད་ནི་མིན་པར་ གཙོ་བོ་ར་ ལ་ཁ་སྡོད་མི་ཚུ་ལུ་ དཀའ་ངལ་ག་ཅི་བཟུམ་ར་ མྱོང་དོ་ཡོདཔ་ཨིན་ན་ ཧ་གོ་ཚུགསཔ་བཟོ་ནི་དང་ ལམ་སྲོལ་ལུ་ ངལ་རང་སྐྱེད་དེ་ གཅིག་གིས་གཅིག་ལུ་ ཕན་ཚུན་གྱི་འབྲེལ་འཐབ་འབད་དེ་ བརྗེ་སོར་འབད་ནིའི་ གོ་སྐབས་བྱིན་ནི་ཨིན་ཟེར་བཤད་ཅི།
འདས་པའི་ལོ་བཞི་གི་རིང་ ལ་ཁར་སྡོད་མི་ཚུ་གི་སྐོར་ལས་ མི་ཚུ་ལུ་ ཁོ་གིས་ གོ་བ་བརྡ་སྤྲོད་འབད་ཡོདཔ་མ་ཚད་ འབྱོགཔ་ཚུ་གིས་ཡང་ ལ་ཁར་སྡོད་དེ་ གློག་མེ་གི་འབྱུང་ས་ངོ་མ་ཅིག་ཨིན་མི་ ཆུའི་རྐ་ཚུ་ ཉམས་སྲུང་འབད་ནི་གི་སྐོར་ལས་ བརྡ་སྤྲོད་འབད་ཡོདཔ་ལས་ ལྟ་བཤལཔ་ལུ་ གཙོ་རིམ་བཟུང་ནི་མི་འོང་ཟེར་ཨིན་པས།
འཛིན་སྐྱོང་འགོ་དཔོན་གྱིས་ རང་བཞིན་གནས་སྟངས་དང་ སྲོག་ཆག་གི་འཛིན་སྐྱོང་སྐོར་ལས་ ཧ་གོ་ཚུགསཔ་བཟོ་སྟེ་ ཁོང་ཆ་ཁྱབ་ ལ་ཁ་ར་ སྡོད་བཅུག་ནི་གི་ ཐབས་ཤེས་བཏོན་དོ་ཟེར་ཨིན་པས།
བཀྲ་ཤིས་གཡང་རྩེ་ལས་ སྐྱེས་ལོ་༦༣ ལང་མི་ རིན་ཆེན་ཉི་མ་གིས་ དུས་ཅི་འབདཝ་ད་ དུས་སྟོན་ནང་ ཚར་༢ འོང་བའི་ཁར་ ཁོ་གིས་ ཚོང་དུམ་གྲ་རེ་འབག་འོང་ཡོདཔ་ལས་ ཤུལ་ལས་འབད་བ་ཅིན་ ཚོང་ལམ་དང་འཁྲིལ་ ཚོང་ཆས་མང་སུ་འབག་འོང་སྟེ་ བཅའ་མར་གཏོགས་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཆོས་འཁོར་ལས་ཨིན་མི་ སྐྱེས་ལོ་༦༡ ལང་མི་ ཕུར་པ་གིས་སླབ་དོ་བཟུམ་འབད་བ་ཅིན་ ལྟདམོ་ལྟ་མི་ལེ་ཤ་མེད་མི་ལུ་བརྟེན་ ཁོ་གིས་ འབག་འོང་མིའི་ ཚོང་ཆས་ཚུ་ བཙོང་མ་ཚུགས་ཟེར་ཨིན་པས།
ཉིན་གྲངས་གཉིས་ཀྱི་དུས་སྟོན་སྐབས་ འབྱོགཔ་ཚུ་གིས་ ལ་ཁ་ལུ་བཟོ་སྲོལ་ཡོད་པའི་ ཚོང་ཆས་ཀྱི་རིགས་ཚུ་ འགྲེམས་སྟོན་ནང་བཙོང་ཡོད་པའི་ཁར་ སྔར་སྲོལ་གྱི་འཆམ་རིགས་ཚུ་གསལ་སྟོན་འབདཝ་མ་ཚད་ གཡག་འཆམ་ གཡག་དང་རྟ་གུར་བཞོན་ནི་ དེ་ལས་ སྒོ་ནོར་དང་འབྲེལ་བའི་སྐོར་ལས་ དྲི་ལན་གྱི་འགྲན་བསྡུར་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་རིམ་ནང་ ལ་ཁ་སྡོད་མི་ཚུ་གིས་ འགྲེམས་སྟོན་ཁག་༢༥ དང་ བརྒྱུད་འཕྲིན་ གསོ་བ་ རྒྱལ་ཡོངས་ཤ་མུ་འཛུགས་སྐྱོང་ལྟེ་བ་ རྒྱལ་ཡོངས་སྒོ་ནོར་གོང་འཕེལ་ལྟེ་བ་ ཨོ་རྒྱན་དབང་ཕྱུག་ རང་བཞིན་སྤྲོ་གསེང་དང་ སྐྱེ་ལྡན་གནས་སྟངས་ ལྟ་བཤལ་སྡེ་ཚན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ ལས་རིམ་དེ་ དབང་ཕྱུག་བརྒྱ་འཁོར་གླིང་ཀ་དང་ ནགས་ཚལ་དང་གླིང་ཀ་ཞབས་ཏོག་སྡེ་ཚན་གྱིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment