གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཟླ་༣ པའི་སྔ་ཆ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་གི་བྱ་རིམ་ཚུ་ འགོ་བཙུགས་ནིའི་འོས་འབབ།

༢༣/༢/༢༠༡༣   ༉ སྤྱི་ཟླ་༣ པའི་སྔ་ཆ་ལས་ འགོ་བཙུགས་ནི་གི་འོས་འབབ་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ ད་ཚུན་གྱི་བར་ན་ དང་འདོད་ཅན་གྱི་ ཚོགས་སྡེའི་འདེམས་ངོ་༥༠ དེ་ཅིག་གིས་ བཙག་འཐུ་ནང་ འབྲེལ་གཏོགས་འབད་ནི་གི་ དང་འདོད་གསལ་བཀོད་འབད་ཡོདཔ་ཨིན་པས།

གྲོས་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ དང་འདོད་ཅན་གྱི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ།

དེ་ཡང་ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ རྒྱལ་ཡོངས་ཚོགས་སྡེའི་ དང་འདོད་ཅན་གྱི་འདེམས་ངོ་ཚུ་གི་དོན་ལུ་ གྲོས་བསྡུར་ཞལ་འཛོམས་ཅིག་ ཐིམ་ཕུ་ལུ་སྦེ་ འགོ་འདྲེན་འཐབ་པའི་སྐབས་ བཙག་འཐུ་ལྷན་ཚོགས་ཀྱི་ ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་གི་ཚེས་གྲངས་དེ་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ཨིན་རུང་ ཚོགས་སྡེའི་བཙག་འཐུ་དེ་ སྤྱི་ཟླ་༣ པའི་སྔ་ཆ་ལུ་ འགོ་བཙུགས་ནི་གི་ འོས་འབབ་ཡོད་ཟེར་ཨིན་པས།
བཙག་འཐུའི་ཁྲིམས་གཞུང་དང་འཁྲིལཝ་ད་ ཚོགས་སྡེའི་བཙག་འཐུ་དེ་ ཚོགས་སྡེ་རྙིངམ་གི་ གནས་ཡུན་མཇུག་བསྡུ་བའི་ཉིནམ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ཚུ་གིས་ ཡིག་ཚང་ལེན་ཆོག་ཆོ་སྦེ་ བཙག་འཐུ་མཇུག་བསྡུ་དགོཔ་བཞིན་དུ་ རྒྱལ་ཡོངས་ཚོགས་སྡེའི་གནས་ཡུན་དེ་ ཚོད་རྩིས་དང་འཁྲིལཝ་ད་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཚངམ་ཨིན་པས།
གྲོས་བསྡུར་ཞལ་འཛོམས་ནང་འོང་མི་དང་ བརྡ་བརྒྱུད་ཚུ་ནང་ དང་འདོད་གསལ་བཀོད་འབད་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་མི་ འདེམས་ངོ་ཚུ་གི་གྲས་ཁར་ ད་ཚུན་ ཐིམ་ཕུ་ལས་ ཨམ་སྲུ་༡ མ་གཏོགས་ མ་ཐོནམ་ཨིན་པས།
དེ་དང་འབྲེལ་ ད་ཚུན་གྱི་རིང་ལུ་ བཀྲིས་སྒང་དང་ དར་དཀར་ནང་གི་དོན་ལུ་ ཚོགས་སྡེའི་བཙག་འཐུ་ནང་འབྲེལ་གཏོགས་འབད་མི་ དང་འདོད་ཅན་གྱི་ འདེམས་ངོ་ག་ཡང་ མ་ཐོནམ་ཨིན་རུང་ ད་ལྟོ་ དུས་ཚོད་ཡོདཔ་ཨིན་པས།
དུས་ཅི་གི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དོན་ལུ་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་གིས་ ན་ཧིང་ སྤྱི་ཟླ་༣ པ་དེ་ཅིག་ལས་ར་ དང་འདོད་གསལ་བཀོད་འབད་མི་ ཐོན་ཡོདཔ་ཨིན་རུང་ བར་ན་ལས་མ་ཐོན་པར་ དུས་ཡུན་ཐུང་ཀུ་ཅིག་ གནས་པའི་ཤུལ་ལུ་ ད་རུང་ ན་ཧིང་གི་ ལོ་མཇུག་བསྡུ་ཁམས་དང་ དུས་ཅི་གི་སྔ་ཆ་ལས་ དང་འདོད་གསལ་བཀོད་འབད་མི་ ལེ་ཤ་ར་ཐོན་པའི་ གསལ་སྟོན་བྱུང་ཡི།
འཕྲལ་ཁམས་ཅིག་ཁར་ རྫོང་ཁག་༡༨ ནང་ལས་ཐོན་ཡོད་རུང་ རྫོང་ཁག་མང་ཤོས་ལས་ དང་འདོད་ཅན་གྱི་ འདེམས་ངོ་རེ་རེ་ཐོན་ཡོདཔ་ད་ གསར་སྤང་དང་ རྩི་རང་ཚུ་ལས་ ད་ཚུན་འདེམས་ངོ་༥ ལྷགཔ་རེ་དང་ཐིམ་ཕུ་ལས་༤ དེ་ཅིག་ཐོན་ནུག།
ད་རུང་ ད་ལྟོ་ཡིག་ཚང་འཆང་མི་ ཚོགས་སྡེའི་འཐུས་མི་ཚུ་གིས་ཡང་ ལོག་ཚོགས་སྡེའི་བཙག་འཐུ་ནང་ འབྲེལ་གཏོགས་འབད་ཆོག་པའི་ གོ་སྐབས་ཡོད་མེད་ཀྱི་ཐད་ལུ་ ཁ་གསལ་མེད་པར་ཡོདཔ་ཨིན་རུང་ གལ་སྲིད་ ལོག་བཅའ་མར་གཏོགས་ཆོགཔ་སྦེ་ འཐོན་པ་ཅིན་ ད་རུང་ མ་ཤོས་ཅིག་གིས་ ལོག་བཅའ་མར་གཏོགས་ནི་གི་ འོས་འབབ་ཡོདཔ་ལས་ དང་འདོད་ཅན་གྱི་ ཚོགས་སྡེའི་འདེམས་ངོ་གི་གྱངས་ཁ་ཡང་ ཡར་སེང་འགྱོ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
དེ་དང་འབྲེལ་ དང་འདོད་ཅན་གྱི་ ཚོགས་སྡེའི་འདེམས་ངོ་ཚུ་གིས་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་དགོཔ་མེད་རུང་ རྫོང་ཁག་གནས་རིམ་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ བཙག་འཐུ་དོ་འགྲན་འབད་ནིའི་དོན་ལུ་ དང་པ་ར་ རང་སོའི་རྒེད་འོག་དང་ རྫོང་ཁག་ཁྲོམ་སྡེ་ཚུ་ནང་ལས་ འཛོམས་འདུ་རྐྱབ་སྟེ་ བཙག་འཐུ་འགྲུབ་དགོཔ་ཨིན་པས།
དེ་འབདཝ་ལས་ སྤྱི་འོག་རེ་ལས་ དང་འདོད་ཅན་གྱི་ འདེམས་ངོ་༡ ལས་ལྷག་སྟེ་ ཐོན་ཆོགཔ་ཨིན་རུང་ སྤྱི་འོག་ཚུ་ནང་ལས་ཐོན་མི་ འདེམས་ངོ་ཚུ་གིས་ རྒེད་འོག་འཛོམས་འདུའི་སྐབས་ བཙག་འཐུ་འབད་དེ་ བཙག་འཐུ་གྲུབ་མི་དེ་གིས་ ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་ནི་ཨིན་པས།
དང་འདོད་ཅན་གྱི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་ལུ་ གྲོས་བསྡུར་ཞལ་འཛོམས་ནང་ བཙག་འཐུ་དང་འབྲེལ་བའི་ གནད་དོན་ཚུ་ནང་ འབད་དགོཔ་བཅའ་དགོཔ་དང་ འབད་ཆོགཔ་དང་མ་ཆོགཔ་ཚུ་ གསལ་བཤད་འབད་ཡོདཔ་མ་ཚད་ དོགས་སེལ་འབད་ནི་གི་ གོ་སྐབས་ཚུ་ཡང་ སྤྲོད་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment