གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མཉམ་རུབ་ཚོགས་པའི་ གཏན་འཁེལ་འདེམས་ངོ་༢༤ ལུ་ལྷོད་ཡོདཔ།

༢༣/༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༢༢ ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ངོ་གཞན་༨ གཏན་འཁེལ་སོང་བའི་ གསལ་བསྒྲགས་འབད་ཡོདཔ་ལས་ ད་ཚུན་གྱི་བར་ན་ འདེམས་ངོའི་གྱངས་ཁ་༢༤ ལུ་ ལྷོད་ཡོདཔ་ཨིན་པས།



ཅ་ཏ་ར་མཱན་ ཆེ་ཏི་རི།

སྐྱེས་ལོ་༤༧ ལང་མི་ སློབ་དཔོན་བགྲེསཔ་ ཅ་ཏ་ར་མཱན་ ཆེ་ཏི་རི་གིས་ རྩི་རང་རྫོང་ཁག་ པ་ཏ་ལེ་-རྩི་རང་སྟོད་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
ཤེས་རབ་རྩེ་ལས་ ཚོང་རིག་གི་ མཐོ་རིམ་ཤེས་ཚད་དང་ བསམ་རྩེ་རྒྱལ་ཡོངས་ཤེས་རིག་སྤེལ་ཁང་ལས་ པི་ཇི་སི་ཨི་ཟེར་མི་ སློབ་དཔོན་སློབ་སྦྱོང་འབད་བའི་ཤུལ་ལུ་ རྒྱལ་ཁབ་ཀྱི་ སློབ་གྲྭ་ལེ་ཤ་ཅིག་ནང་ སློབ་སྟོན་འབད་ཡོདཔ་མ་ཚད་ ཤེས་རིག་སྡེ་ཚན་ནང་ མི་ལོ་༢༢ ཀྱི་རིང་ ཕྱག་ཞུ་བའི་རིང་ལུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ཡང་ དབུ་འཛིན་གོང་འོག་སྦེ་ཡང་སྡོད་ནུག།
ཁོ་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་གི་ ཐག་བཅད་མི་དེ་ཡང་ འབྲུག་གི་རྒྱལཔོ་དང་ རྒྱལ་ཁབ་ མི་སེར་ལུ་ ཐབས་ལམ་སོ་སོའི་ཐོག་ལས་ ཕྱག་ཞུ་ནི་གི་ གོ་སྐབས་ཅིག་ཨིན་པས་མནོ་སྟེ་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།

ཇེ་བི་རའི།


ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་འདེམས་ཁོངས་ཀྱི་ འདེམས་ངོ་ཨིན་མི་ སྐྱེས་ལོ་༣༨ ལང་མི་ ཇེ་བི་རའི་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ཚོང་རིག་གི་ མཐོ་རིམ་ཤེས་ཚད་དང་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ལས་ དངུལ་རྩིས་འཛིན་སྐྱོང་ནང་ པི་ཇི་སི་ལག་ཁྱེར་སློབ་སྦྱོང་མཐར་འཁྱོལ་ཡོདཔ་ད་ ཤུལ་ལས་ ནེ་དར་ལེནསི་ མཱསི་ཊིག་ འཛིན་སྐྱོང་སློབ་གྲྭ་ལས་ ཚོང་འབྲེལ་བདག་སྐྱོང་གི་ མཐོ་རིམ་གོང་མའི་ སློབ་སྦྱོང་འབད་ནུག།
གཞུང་གི་ལྷན་ཁག་སོ་སོའི་ ལས་སྡེ་ཚུ་ནང་ ལཱ་འབད་ཡོདཔ་མ་ཚད་ དོ་འགྲན་ཅན་གྱི་ ལཱ་འགན་ཚུ་ཡང་ འབག་ཡོདཔ་ལས་ བདག་སྐྱོང་དང་ དངུལ་རྩིས་ཚུ་ནང་ ཉམས་མྱོང་མ་བཏུབ་བཏུབ་སྦེ་ ཐོབ་སྟེ་ཡོད་ཟེར་ ཁོ་གིས་ བཤད་པའི་ཁར་ འགྲོ་བ་མི་རིགས་ག་ར་འདྲ་མཉམ་ཨིནམ་ལས་ ཐོབ་དབང་དང་ འགན་ཁུར་ཚུ་ཡང་ འདྲ་མཉམ་སྦེ་ བསྟར་སྤྱོད་འབད་དགོཔ་སྦེ་ ཆ་བཞགཔ་ཨིན་ཟེར་ ཇེ་བི་རའི་གིས་ བཤདཔ་ཨིན་པས།

འཇིགས་མེད་རྡོ་རྗེ།

སྐྱེས་ལོ་༤༤ ལང་མི་ འཇིགས་མེད་རྡོ་རྗེ་གིས་ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ལས་ ཌི་ཨེན་ཊིའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ ཐིམ་ཕུ་ལྕང་སྒང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ དབུ་འཛིན་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
སློབ་གྲྭ་ལེ་ཤ་ཅིག་ནང་ འགོ་འཛིན་སྦེ་ ཕྱག་ཞུ་མི་ འཇིགས་མེད་རྡོ་རྗེ་གིས་ ཕྱུགཔོ་དང་སྤྱང་ཀའི་བར་ན་ ཁྱད་པར་སྦོམ་ཞུགས་ཡོད་མི་དེ་ ག་དེ་ཉུང་ཉུང་བཟོ་ནི་ལུ་ གཙོ་རིམ་བཟུང་ནི་ཨིནམ་ད་ ཁོ་གིས་ ཐའི་ལེནཌི་ མ་ཧ་དཱོལ་གཙུག་ལག་སློབ་སྡེ་ལས་ ཤེས་རིག་འཛིན་སྐྱོང་ནང་ མཐོ་རིམ་གོང་མའི་ ཤེས་ཚད་མཐར་འཁྱོལ་ཡོདཔ་མ་ཚད་ བསམ་རྩེ་རྒྱལ་ཡོངས་ཤེས་རིག་སྤེལ་ཁང་ལས་ མཐོ་རིམ་སློབ་སྦྱོང་འབད་ནུག།

པར་ཀཱཤ་ ཤར་མ།

དར་དཀར་ནང་རྫོང་ཁག་ ལྷ་མོའི་རྫིང་ཁ་-བཀྲིས་སྡིངས་འདེམས་ཁོངས་ལས་ སྐྱེས་ལོ་༣༩ ལང་མི་ པར་ཀཱཤ་ ཤར་མ་གིས་ འཆར་གཞི་ལྷན་ཚོགས་ནང་ འཆར་གཞི་འགོ་དཔོན་སྦེ་ ལོ་༣ ཕྱག་ཞུ་བའི་ཤུལ་ལུ་ སྒེར་སྡེའི་ནང་ ལོ་༡༣ དེ་ཅིག་ ལཱ་འབད་བའི་ ཉམས་མྱོང་ཡོད་ཟེར་ སླབ་ཨིན་པས།
རྒྱ་གར་ཅེ་ན་ཡེ་ལས་ ནང་རིག་མཐོ་རིམ་ཤེས་ཚད་ཡོད་མི་གིས་འབད་བ་ཅིན་ འདེམས་ངོ་ཐོག་ སྲིད་དོན་ནང་ འཛུལ་ཞུགས་འབད་བ་ཅིན་ མི་སེར་ཚུ་ལུ་ དམངས་གཙོའི་རིང་ལུགས་སྐོར་ ལེགས་ཤོམ་སྦེ་ གོ་བརྡ་སྤྲོད་ཚུགས་ནི་གིས་མ་ཚད་པར་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི་གི་ གོ་སྐབས་ལེགས་ཤོམ་ཅིག་ཨིནམ་སྦེ་ མནོ་བསམ་བཏང་སྟེ་ ཐག་བཏོག་བཏོགཔ་ཨིན་ཟེར་ཨིན་པས།

རིན་ཆེན་རྣམ་རྒྱལ།

སྐྱེས་ལོ་༤༠ ལང་མི་ རིན་ཆེན་རྣམ་རྒྱལ་གྱིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ཚོང་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ལས་ དངུལ་རྩིས་འཛིན་སྐྱོང་གི་ པི་ཇི་སློབ་སྦྱོང་འབད་བའི་ཤུལ་ལུ་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ནང་ དངུལ་རྩིས་འགོ་དཔོན་སྦེ་ ལོ་༤ དང་ ན་གཞོན་གོང་འཕེལ་མ་དངུལ་གྱི་ དངུལ་རྩིས་དང་ བདག་སྐྱོང་གི་ མཉམ་འབྲེལ་བ་སྦེ་ ལཱ་འབད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ལོ་༦ ལྷགཔ་ཅིག་གི་རིང་ གློག་བརྙན་བཟོ་ནིའི་ ལཱ་འབད་སྡོད་མི་ རིན་ཆེན་རྣམ་རྒྱལ་གྱིས་ དབང་འདུས་ཕོ་བྲང་ ཨ་ཐང་-ཐད་འཚོ་འདེམས་ཁོངས་ལས་ འབྲེལ་གཏོགས་འབད་ནི་ཨིནམ་ད་ སྲིད་དོན་གྱི་ཐོག་ལས་ ཁོ་གིས་ རྒྱལཔོ་ཚུ་གི དགོངས་འཆར་ཚུ་ འགྲུབ་ཐབས་འབད་དེ་ མི་སྡེའི་ནང་ མཐུན་འབྲེལ་ཡར་དྲག་གཏང་འོང་ཟེར་ སླབ་ཨིན་པས།

བསོད་ནམས་དོན་གྲུབ།


ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ཚོང་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ འབྲུག་གི་རྒྱལ་ཡོངས་དངུལ་ཁང་ནང་ ལོ་༡ གི་རིང་ ལཱ་འབད་བའི་ཤུལ་ལུ་ དགོངས་ཞུ་འབད་མི་ བསོད་ནམས་དོན་གྲུབ་ཀྱིས་ ལྷུན་རྩེ་སྨན་སྦིས་-བཙན་མཁར་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
སྐྱེས་ལོ་༣༥ ལང་མི་གིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་དང་ ཁོ་གི་ལྟ་བ་ཚུ་ ཅོག་འཐདཔ་ཡོད་ནི་དེ་གིས་ ཚོགས་པ་དེ་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིནམ་ད་ ཁོ་གིས་ སྲིད་དོན་ནང་ འཛུལ་ཐོག་ལས་ མི་སེར་གང་མང་ལུ་ ཕྱག་ཞུ་ཚུགས་ནི་མས་ཟེར་ སླབ་ཨིན་པས།

ཚེ་དབང་རྡོ་རྗེ།

སྐྱེས་ལོ་༥༧ ལངམ་ལས་ ཚོགས་པའི་འདེམས་ངོ་ཚུ་གི་གྲས་ལས་ རྒས་ཤོས་ཅིག་ འོང་ནི་ཨིན་མི་ ཚེ་དབང་རྡོ་རྗེ་གིས་ བཀྲིས་གཡང་རྩེ་ཁམས་དྭངས་-རམ་འཇར་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
ཞི་གཡོགཔ་སྦེ་ མི་ལོ་༣༣ གྱི་རིང་ རྒྱལ་ཁབ་ལུ་ ཕྱག་ཞུ་མི་གིས་ སླབ་མིའི་ནང་ རྒྱལ་ཁབ་ལུ་ ཕྱག་ཞུ་སྟེ་ འབྲུག་གི་དམངས་གཙོའི་རིང་ལུགས་དང་ ཁྲིམས་ཀྱི་རིང་ལུགས་ རྩ་བརྟན་བཟོ་ནི་དང་གཅིག་ཁར་ ཁོ་རའི་ འདེམས་ཁོངས་ནང་གི་ མི་སེར་ཚུ་ལུ་ ཞབས་ཏོག་ཞུ་ནིའི་དོན་ལུ་ སྲིད་དོན་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིནམ་ད་ སེམས་རྟོགས་ཁ་སྐད་ཡིག་དང་ ལམ་སྲོལ་སློབ་ཁང་ལས་ མཐོ་རིམ་ཤེས་ཚད་མཇུག་བསྡུ་མི་ ཚེ་དབང་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་འདུའི་ཡིག་ཚང་ནང་ མདོ་ཆེན་སྦེ་དང་ སྐུ་འཁོར་གྱི་ སློབ་སྟོན་པ་སྦེ་ཡང་ ཕྱག་ཞུ་ནུག།

དབང་འདུས་རྒྱལ་མཚན།


ནེ་དར་ལེནསི་ནི་དང་ སུ་ཡི་ཌེན་ལས་ ཁྲོམ་སྡེ་ཁྱིམ་བཟོ་འཛིན་སྐྱོང་ནང་ མཐོ་རིམ་གོང་མའི་ ཤེས་ཚད་དང་ ཨཱསི་ཊེ་ལི་ཡ་ལས་ ཞི་ལས་བཟོ་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ དབང་འདུས་རྒྱལ་མཚན་གྱིས་ ཞབས་ཏོག་ལྷན་ཁག་ལས་ ལས་འགུལ་མདོ་ཆེན་གྱི་ གོ་གནས་ཐོག་ལུ་ དགོངས་ཞུ་འབད་དེ་ སྲིད་དོན་ནང་ འཛུལ་ཞུགས་འབད་ཡོདཔ་ད་ དེ་གི་ཧེ་མར་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ མདོ་ཆེན་སྦེ་ཡང་ སྡོད་ཡོདཔ་ཨིན་པས།
སྐྱེས་ལོ་༥༠ ལང་མི་གིས་ སླབ་མིའི་ནང་ དམངས་གཙོའི་རིང་ལུགས་དེ་ མི་སེར་གྱི་དོན་ལུ་ཨིནམ་ལས་ མི་སེར་ཚུ་ལུ་ ཕན་ཐོགས་ཚུགསཔ་སྦེ་ ལཱ་འབད་འོང་ཟེར་ཨིནམ་ད་ ཁོ་གིས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ལས་ མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment