གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་གནམ་གྲུའི་ གླ་ཆ་མར་ཕབ་རྐྱབ་ཡོདཔ།

༢༡/༢/༢༠༡༣   འབྲུག་གནམ་གྲུ་གིས་ སྤ་རོ་ལས་ བཀྲིས་སྒང་ལུ་ བདུན་ཕྲག་ཅིག་ནང་ཚར་རེ་ འཕུར་འགྲུལ་འབདཝ་མ་ཚད་ སྤྱི་ཟླ་༣ པ་ལས་ བུམ་ཐང་ལུ་ འཕུར་འགྲུལ་འགོ་བཙུགས་ནི་ཨིན་པས།
༉ འབྲུག་ནང་འཁོད་ཀྱི་ འཕུར་འགྲུལ་ཞབས་ཏོག་ལག་ལེན་འཐབ་མི་ཚུ་གི་དོན་ལུ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མི་དེ་ཡང་ འབྲུག་གི་གནམ་གྲུ་ལས་འཛིན་གྱིས་ འབྲུག་མི་ཚུ་གི་ནང་འཁོད་གནམ་གྲུའི་གླ་ཆ་རྒྱ་སྦོམ་སྦེ་ར་ མར་ཕབ་རྐྱབ་ཡོདཔ་ཨིན་པས།
བུམ་ཐང་ལུ་ཆགས་མི་ ནང་འཁོད་གནམ་གྲུ།


ད་ལས་ཕར་ སྤ་རོ་ལས་ བུམ་ཐང་ལུ་ ལམ་ཕྱོགས་གཅིག་གི་དོན་ལུ་ འཕུར་འགྲུལ་འབད་བ་ཅིན་ ཁྲལ་རྩིས་ཏེ་ དངུལ་ཀྲམ་༤,༢༠༠ ལས་བརྒལ་ སྤྲོད་མི་དགོ་ནི་ཨིནམ་ལས་ ཧེ་མ་དང་ཕྱདཔ་ད་ དངུལ་ཀྲམ་༤,༩༨༠ གིས་ ཉུངམ་ཨིན་པས།
དེ་ལས་ ཕར་ཚུར་ལམ་ཕྱོགས་གཉིས་ཀྱི་ འཕུར་འགྲུལ་གྱི་ ལམ་གླ་ཆ་དེ་ཡང་ དངུལ་ཀྲམ་༡༨,༣༦༠ ལས་༧,༣༥༠ ལུ་ མར་ཕབ་རྐྱབ་ཡོདཔ་ཨིན་པས།
སྤ་རོ་ལས་ བཀྲིས་སྒང་ཡོན་ཕུ་ལའི་བར་ན་ ལམ་ཕྱོགས་གཅིག་གི་ འཕུར་འགྲུལ་གླ་ཆ་དེ་ཡང་ དངུལ་ཀྲམ་༤,༤༠༠ མར་ཕབ་རྐྱབ་ཡོདཔ་མ་ཚད་ ཕར་ཚུར་འཕུར་འགྲུལ་གྱི་ གླ་ཆ་དངུལ་ཀྲམ་༡༡,༨༢༠ ལུ་ མར་ཕབ་རྐྱབ་ནུག།
གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་གནམ་ཐང་ལུ་ འཕུར་འགྲུལ་ཞབས་ཏོག་ཚུ་ ནམ་ལས་འགོ་བཙུགས་ནི་ཨིན་ན་ ད་ལྟོ་ ཐག་བཏོག་མ་ཚུགས་པར་ཡོད་རུང་ འབྲུག་གནམ་གྲུ་གིས་ སྤ་རོ་དང་ དགེ་ལེགས་ཕུག་ལུ་ འཕུར་འགྲུལ་འབད་བའི་ གླ་ཆ་དེ་ སྤ་རོ་དང་ བུམ་ཐང་གི་ གླ་ཆ་དང་འདྲན་འདྲ་ལེན་ནི་ཨིན་པས།
ནང་འཁོད་འཕུར་འགྲུལ་གྱི་ གླ་ཆ་ཁེ་ཤོས་ར་ བུམ་ཐང་ལས་ བཀྲིས་སྒང་ལུ་དང་ དགེ་ལེགས་ཕུག་ལས་ བཀྲིས་སྒང་ལུ་ འཕུར་འགྲུལ་འབད་མི་ལུ་ཡོད་མི་དེ་ཡང་ ལམ་ཕྱོགས་གཅིག་ལུ་ གླ་ཆ་དངུལ་ཀྲམ་༢,༤༠༠ དང་ ལམ་ཕྱོགས་གཉིས་ལུ་ དངུལ་ཀྲམ་༤,༢༠༠ གནས་ནི་ཨིན་པས།
འབྲུག་གནམ་གྲུ་གིས་ སྤྱི་ལོ་༢༠༡༡ ཟླཝ་༡༢ པའི་ནང་ ནང་འཁོད་འཕུར་འགྲུལ་ཞབས་ཏོག་ འགོ་བཙུགས་པའི་སྐབས་ལུ་ འབྲུག་མི་དང་ ཕྱི་མི་མཁའ་འགྲུལཔ་གཉིས་ཆ་ར་ལུ་ འཕུར་འགྲུལ་གླ་འཐུས་དབྱེ་བ་མེད་པར་གཅིག་སྦེ་ ལེན་ཡོདཔ་ལས་ ནང་འཁོད་ཀྱི་ མི་ཚུ་གིས་ གླ་ཆ་མཐོ་དྲགས་པའི་སྐོར་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༠ པའི་ནང་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་དང་ འབྲུག་གནམ་གྲུ་ལས་འཛིན་གྱི་ འགོ་དཔོན་ཚུ་གི་བར་ན་ ནང་འཁོད་འཕུར་འགྲུལ་གྱི་ གླ་ཆ་མར་ཕབ་རྐྱབ་དགོ་པའི་སྐོར་ གྲོས་བསྡུར་འབད་མི་དང་བསྟུན་ ད་རེས་ གླ་ཆ་མར་ཕབ་འབད་ནུག།
དེ་ལས་ ཕྱི་མི་མཁའ་འགྲུལཔ་ཚུ་གི་ ལམ་ཕྱོགས་གཉིས་ཀྱི་ གླ་ཆ་ཚུ་ཡང་ མར་ཕབ་རྐྱབ་ཡོདཔ་ད་ དཔེ་འབད་བ་ཅིན་ སྤ་རོ་ལས་ བུམ་ཐང་དང་ བུམ་ཐང་ལས་ སྤ་རོ་ལུ་ འཕུར་འགྲུལ་འབད་བ་ཅིན་ ཡུ་ཨེསི་ཌོ་ལར་༣༠༠ འབདཝ་ད་ ཌོ་ལར་༣༠ མར་ཕབ་རྐྱབ་པའི་ཁར་ སྤ་རོ་དང་ བཀྲིས་སྒང་གི་ ལམ་ཕྱོགས་གཉིས་ཀྱི་ གླ་ཆ་ཌོ་ལར་༣༥༥ འབདཝ་ད་ ཌོ་ལར་༧༥ མར་བཅགས་འབད་ཡོདཔ་ཨིན་རུང་ ལམ་ཕྱོགས་གཅིག་གི་ གླ་ཆ་ལུ་ བསྒྱུར་བཅོས་མེདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ཞི་གཡོག་པའི་སྡེ་རིམ་ པི་༥ ཡན་ཆད་ཀྱི་ ཞི་གཡོགཔ་ཚུ་ ཕར་ཚུར་གཞུང་འབྲེལ་ལྟ་སྐོར་ལུ་འགྱོཝ་ད་ ནང་འཁོད་གནམ་གྲུ་ནང་ འཕུར་འགྲུལ་འབད་དགོ་པའི་ ཡིག་ཚང་བཀའ་རྒྱ་བཏོན་ཡོདཔ་ད་ འབྲུག་མཁའ་འགྲུལ་ལས་འཛིན་གྱི་ འཛིན་སྐྱོང་གཙོ་འཛིན་ རྟ་མགྲིན་རྒྱ་མཚོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལུ་ ནང་འཁོད་མཁའ་འགྲུལ་པའི་ གྱངས་ཁ་བསྡོམས་རྩིས་བཏོན་ནིའི་དོན་ལུ་ ས་འཛིན་དེ་གི་ ཚོང་འབྲེལ་སྡེ་ཚན་ཚུ་གིས་ གཞུང་གི་ལས་སྡེ་ཁག་ཚུ་ལས་ བརྡ་དོན་ཚུ་ བསྡུ་བཀོད་འབད་བའི་བསྒང་ཡོད་ཟེར་ཨིན་པས།
འབྲུག་གནམ་གྲུ་གིས་ བཀྲིས་སྒང་ལུ་ འཕུར་འགྲུལ་འབད་ནི་ ལོག་འགོ་བཙུགས་ཡོད་རུང་ བདུན་ཕྲག་༡ ནང་ འཕུར་འགྲུལ་ཚར་ཅིག་མ་གཏོགས་འབད་ནི་མེད་མི་དེ་ཡང་ མཁའ་འགྲུལ་པའི་ མཁོ་འདོད་དང་ ཡང་ཅིན་ མཁའ་འགྲུལཔ་ལངམ་ཡོད་མི་དང་འཁྲིལ་ འཕུར་འགྲུལ་འབདཝ་ཨིན་པས།
སྤྱི་ཟླ་༣ པ་ལས་ འབྲུག་གནམ་གྲུ་གིས་ བུམ་ཐང་ལུ་ བདུན་ཕྲག་༡ ནང་ འཕུར་འགྲུལ་ཚར་གསུམ་རེ་འབད་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment