གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚལ་ལུ་ཤིང་ ཤི་མི་ལུ་བརྟེན་ མི་སེར་ཚུ་གི་ འོང་འབབ་མར་བབས།

༢༥/༢/༢༠༡༣   མི་སེར་ཚུ་གིས་འབད་བ་ཅིན་ འབུབ་སྨན་ཚུ་ ནད་འབུབ་བསད་ནི་གི་ ནུས་པ་མིན་འདུག་ཟེར་ཨིན་མས།
༉ བསམ་རྩེ་རྫོང་ཁག་ གདན་ཅུ་ཁ་རྒེད་འོག་གི་ མི་སེར་ཚུ་ ཁོང་རའི་ས་གོ་ནང་ ཞིང་ལམ་སེལ་བའི་བསྒང་ཡོད་མི་ལུ་ སྤྲོ་སྣང་སྦོམ་ བྱུང་སྟེ་ཡོདཔ་ཨིན་རུང་ འདས་པའི་ལོ་༤ གི་ནང་འཁོད་ལུ་ དངུལ་ཐོག་ཚལ་ལུའི་ཐོན་སྐྱེད་ མར་བབས་སོང་མི་ལུ་ལྟ་སྟེ་ མི་སེར་ཚུ་ སེམས་ཕམ་ཡོདཔ་ཨིན་པས།
ནད་འབུབ་ཟུན་ཏེ་ སྐམ་སོང་མི་ ཚལ་ལུ་ཤིང་།


ཚལ་ལུའི་ཐོན་ཤུགས་མར་བབས་སོང་མི་ལུ་བརྟེན་ གཡུས་སྒོ་དེ་ནང་ ཞིང་ལམ་ལྷོད་པའི་བསྒང་ལས་ འབབ་ཁུངས་ལྷན་ཐབས་ཀྱི་དོན་ལུ་ ག་ཅི་ཡང་ བཙོང་ནི་མེདཔ་འགྱོ་ནི་གི་ ཚ་གྱང་ཡོད་ཟེར་ མི་སེར་ཚུ་གིས་ བཤད་པའི་ཁར་ གཞན་འབད་བ་ཅིན་ འཁོར་ལམ་ལུ་བརྟེན་ དངུལ་རྐྱང་གི་ འོང་འབབ་བཟོ་ནི་གི གོ་སྐབས་ཅིག་ཨིན་ཟེར་ སླབ་ཨིན་པས།
ཚལ་ལུ་ཤིང་ཨེ་ཀར་ལྷགཔ་རེ་ཡོད་མི་ གྲོང་གསེབ་མི་སེར་ཚུ་གིས་ སླབ་མིའི་ནང་ ལོ་༤ གི་ཧེ་མར་ ཁོང་ལུ་ ཚལ་ལུ་བཙོང་ནི་ ལངམ་སྦེ་ཡོད་རུང་ འཁོར་ལམ་མེད་མི་ལུ་བརྟེན་ ཁོང་རའི་ སྒལ་ཏོག་གུ་བཀལ་ཏེ་ འབག་འགྱོ་དགོཔ་ལས་ ཐོན་སྐྱེད་ཕྱེད་ཀ་དེ་ཅིག་ལས་ བཙོང་ནི་མེད་ཟེར་ཨིན་པས།
དེ་ལས་ རྒེད་འོག་བདག་སྐྱོང་གིས་ གདན་ཅུ་ཁའི་ མི་སེར་ཚུ་ལུ་ ཞིང་ལམ་བཏོན་དོ་ཟེར་ ལོ་རྒྱུས་སླབ་ད་ གྲོང་གསེབ་མི་སེར་ཚུ་གི་དོན་ལུ་ ཚལ་ལུ་ཚོང་འབྲེལ་འཐབ་ནི་གི་ གོ་སྐབས་ལེགས་ཤོམ་ཅིག་ཨིན་མས་ཟེར་ སེམས་དགའ་སྟེ་ ངོས་ལེན་ལེགས་ཤོམ་འབད་ཡོད་རུང་ ད་རིས་ འཁོར་ལམ་དེ་ ཁོང་གི་སྒོའི་རྩ་བར་ ལྷོད་ནི་འབདཝ་ད་ ཚལ་ལུ་ཤིང་ཚུ་ཤི་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཚལ་ལུའི་རྡོག་མ་ཚུ་ཡང་ ཕུད་རྡོག་དག་པ་ཅིག་ལས་བརྒལ་ བཏགས་ནི་མེདཔ་ཨིན་པས།
ལོ་༤ གི་ཧེ་མར་ དང་པ་ར་ ཚལ་ལུ་ཤིང་ལུ་ ནད་འབུབ་ཟུན་ཏེ་ ཚལ་ལུ་ཤིང་ལྡུམ་ར་གཞན་ལེ་ཤ་ཅིག་ནང་ ཁྱབ་སྤེལ་སོང་ཡོདཔ་ལས་ ཤིང་ཚུ་ཤི་ནི་ འགོ་བཙུགས་ཅི་ཟེར་ གྲོང་གཡུས་མི་སེར་ཅིག་གིས་ སླབ་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ ནད་འབུབ་ཀྱིས་ ཚལ་ལུ་ཤིང་མང་རབས་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ལས་ ཐོན་ཤུགས་རྒྱ་ཆེཝ་སྦེ་ར་ མར་བབས་སོང་མི་ལུ་བརྟེན་ ཧེ་མར་ དངུལ་ཐོག་ལས་ འོང་འབབ་དངུལ་ཀྲམ་༧༠༠,༠༠༠ དེ་རེ་ བཟོ་ཚུགས་མི་དེ་ དངུལ་ཀྲམ་༣༠༠,༠༠༠ ལུ་ མར་བབས་ཡར་སོ་ཡི་ཟེར་ མི་སེར་ཚུ་གིས་ བཤདཔ་ཨིན་པས།
གཡུས་ཚན་དེ་ནང་ ཚལ་ལུ་མངམ་བཙོང་མི་ཅིག་ཨིན་མི་ སྐྱེས་ལོ་༥༨ ལང་མི་ ན་ནཱཐ་མ་ནི་ ནིའོ་པ་ནི་གིས་ འདབ་མ་ག་ར་ ས་ཁར་བུད་དེ་ ཚལ་ལུ་སྐམ་སྐམ་ཕུད་རྡོག་དག་པ་ཅིག་ ལུས་ཡོད་མི་ ཚལ་ལུ་ཤིང་ཆུང་ཀུ་ཅིག་ལུ་ མཛུབ་མོ་དཔག་སྟེ་ སླབ་མིའི་ནང་ དུས་ཅི་ གཡུས་ཚན་དེ་ནང་ ཚལ་ལུའི་ཐོན་ཤུགས་མར་འབབ་འགྱོ་འོང་ཟེར་ཨིན་པས།
དེ་མ་ཚད་ དུས་ཅིའི་ གནམ་དགུན་སྐབས་ ཆརཔ་ཉུང་སུ་ཅིག་ལས་ མ་རྐྱབ་ནི་དེ་གིས་ ཐོན་ཤུགས་ལུ་ ལྷག་པར་དུ་ གནོད་ནི་ཨིནམ་ལས་ ག་ནི་ཡང་ བཙོང་ནི་མི་འོང་པའི་ ཚ་གྱང་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
ནད་འབུབ་ཟུན་མི་ ཚལ་ལུ་ཤིང་ཚུ་ལུ་ སྨན་ལག་ལེན་འཐབ་མི་དེ་གིས་ ཕན་ཐོགས་ག་ནི་ཡང་མིན་འདུག་ཟེར་ ན་ནཱཐ་གིས་ བཤདཔ་ཨིན་པས།
ན་ཧིང་ གདན་ཅུ་ཁའི་ མི་སེར་ཚུ་གིས་ ཚལ་ལུ་གྱངས་ཁ་༨༠ འབད་མི་ པཱོན་རེ་ལུ་ དངུལ་ཀྲམ་༡༥༠ ཐོབ་ཡོདཔ་ད་ དེ་གི་ཧེ་མར་ པཱོན་རེ་ལུ་ དངུལ་ཀྲམ་༢༠༠ དེ་རེ་ ཐོབ་ཡོདཔ་ཨིན་པས།
ད་རེས་ནངས་པ་ གྲོང་གསེབ་མི་སེར་ཚུ་གིས་ ཚལ་ལུ་ཤིང་ཤི་མི་ཚུ་ བརྡབ་ཐོག་ལས་ མེར་བཏང་པའི་བསྒང་ཡོདཔ་ད་ རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ བདེ་སྐྱིད་མཚོ་མོ་གིས་ སླབ་མི་དང་འཁྲིལཝ་ད་ ཚལ་ལུ་ཤིང་ཚུ་ཤི་མིའི་ དཀའ་ངལ་དེ་ ནད་འབུབ་རྐྱངམ་གཅིག་མིན་པར་ ཤིང་ཐོག་ལྡུམ་ར་ཚུ་ གྲོང་ཁྱིམ་ལས་ ཐག་རིང་སར་ཡོད་ནི་དེ་གིས་ ཚུལ་ལྡན་སྦེ་ འཛིན་སྐྱོང་མ་འཐབ་པའི་ སྐྱོན་ལུ་བརྟེན་ཏེ་ཡང་ཨིན་པས་ཟེར་ཨིན་པས།
གདན་ཅུ་ཁ་རྒེད་འོག་དེ་ རྡོ་རོ་ཁ་དྲུང་ཁག་ལས་ ཉིན་ལམ་གསུམ་ལམ་འགྱོ་དགོ་པའི་ ས་གནས་ལུ་ཨིནམ་ད་ རྡོ་རོ་ཁ་དྲུང་ཁག་དང་ བསམ་རྩེ་རྫོང་ཁག་གི་བར་ན་ འཁོར་ལམ་ཀི་ལོ་མི་ཊར་༥༨ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment