![]() |
བསོད་ནམས་དཔལ་འབྱོར། |
བསོད་ནམས་དཔལ་འབྱོར་གྱིས་ སྤྱི་ལོ་༢༠༠༤ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ཚན་རིག་བི་ཨེ་སི་ སློབ་སྦྱོང་མཐར་འཁྱོལ་བའི་ཤུལ་ལུ་ ལོ་༢ དེ་ཅིག་གི་རིང་ སློབ་གྲྭའི་སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ད་ དེ་ཡང་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མ་དང་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་དཔོན་གྱི་གོ་གནས་ལས་ དགོངས་ཞུ་འབད་དེ་ ད་རེས་ནངས་པ་ མོང་སྒར་ཁྲོམ་ཁར་ ཚོང་རྐྱབ་སྡོད་དོ་ཡོདཔ་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུ་ནང་ཡང་ བཅའ་མར་གཏོགས་ནིའི་ རེ་འདོད་བསྐྱེད་རུང་ སྟབས་མ་བདེཝ་ཐོན་ཡོདཔ་ལས་བརྟེན་ བཙག་འཐུ་ནང་ བཅའ་མར་གཏོགས་མ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ སྤྱི་ལོ་༢༠༠༨ ལས་ཚུར་ ཁོ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་སྦེ་ གྲ་སྒྲིག་འབད་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་མི་དེ་ཡང་ ཚོགས་པ་དེ་ རྒྱལ་ཁབ་ནང་ འགོ་དང་པ་བཙུགས་ཡོདཔ་མ་ཚད་ ལྟ་བ་ལུ་ ཡིད་ཆེས་ཡོདཔ་ལས་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ཚུ་གི་ རེ་དོན་འགྲུབ་ཐབས་ལུ་ ཁོ་གིས་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ཕྱག་ཞུ་ནི་ཟེར་ཨིནམ་ད་ དེ་ཡང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་དང་འཁྲིལ་ དམངས་གཙོའི་གཞུང་དེ་ རྩ་བརྟན་བཟོ་ནིའི་དོན་ལུ་ དྭངས་གསལ་གྱི་ཐོག་ལས་ ཕྱག་ཕྱིད་ཞུ་ནི་དང་གཅིག་ཁར་ ན་གཞོན་ཚུ་གིས་ འབྲེལ་གཏོགས་འབད་ནི་ལུ་ སྤྲོ་བ་བསྐྱེད་བཅུག་ནི་ཟེར་ཨིན་པས།
ཁོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ དེ་བཟུམ་གྱི་ གོ་སྐབས་ལེན་མི་དེ་ཡང་ དང་པ་ ཁོ་རའི་སྤྲོ་བ་དང་ གཉིས་པ་ལུ་ མི་སེར་དང་ ཞི་གཡོགཔ་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ དོ་འགྲན་འབདཝ་ཨིན་ཟེར་ཨིནམ་ད་ མི་སྡེ་འདྲ་མཉམ་བཟོ་ནིའི་དོན་ལུ་ ན་གཞོན་ཚུ་ ལྕོགས་གྲུབ་ཅན་ཅིག་ལུ་ འགྱུར་ཐབས་ལུ་ཨིན་ཟེར་ཨིན་པས།
གལ་སྲིད་ཁོ་གིས་ བཙག་འཐུ་ལས་ སྲིད་དོན་པ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ མི་སྡེ་ནང་ དཔལ་འབྱོར་གནས་སྟངས་ཡར་དྲག་གཏང་ཐབས་ལུ་ སྒེར་སྡེའི་ཚོང་ལམ་ཚུ་ འགོ་བཙུགས་ཏེ་ འཚོ་བ་རང་མགོ་རང་འདྲོང་བཟོ་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
ཁོ་ར་ སྐྱེ་ས་གཡུས་ཁར་སྐྱེས་ སྦོམ་ས་གཡུས་ཁར་ སྦོམ་ཡོདཔ་ལས་བརྟེན་ མི་སེར་གྱི་སྐྱིད་སྡུག་ཚུ་ ག་དེ་སྦེ་ཡོད་ག་ ཁོ་གིས་ ལེགས་ཤོམ་སྦེ་ ཤེས་ཟེར་ཨིན་པས།
ཨ་ལུ་༡ གི་ ཨ་པ་ཨིན་མི་ བསོད་ནམས་དཔལ་འབྱོར་གྱིས་ ད་ལྟོའི་ གཞུང་སྐྱོང་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཆོས་སྐྱིད་དབང་མོ་དང་ མཉམ་རུབ་ཚོགས་པའི་འདེམས་ངོ་ རྡོ་རྗེ་ཆོས་སྒྲོན་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བདེ་ཆེན་ཚེ་རིང་།
No comments:
Post a Comment