![]() |
ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་ མོང་སྒར་ཁྲིམས་འདུན་ལས་ ཐོན་པའི་བསྒང་།པར་ ཀུན་གསལ་གྱི་པར་མཛོད་ནང་ལས། |
དེ་ཡང་ དྲོ་པའི་ཆུ་ཚོད་༡༠ ལས་ སྙན་གསན་འགོ་བཙུགས་མི་དེ་གིས་ ཉིན་མའི་ཆུ་ཚོད་ཕྱེད་དང་༣ དེ་ཅིག་ལུ་མ་གཏོགས་ མཇུག་བསྡུ་མ་ཚུགསཔ་ད་ མོང་སྒར་དྲང་དཔོན་གྱིས་འབད་རུང་ རྩོད་གཞི་དེ་ རྒྱལ་རབས་དང་ལྡན་པའི་ རྩོད་གཞི་ཅིག་འབད་མི་ལུ་བརྟེན་ ཞག་ལུ་མ་རྩིས་བར་ དོན་ལུ་རྩིས་ཏེ་ རྩ་ཕན་རང་སོའི་ བསམ་པ་མ་དག་ཚུན་ ཞུ་བཅུག་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
མཐའ་བསྡོམས་ཀྱི་སྐབས་ལུ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཡང་བསྐྱར་ཞུ་མིའི་ནང་ བློན་པོ་མི་འགྱུར་རྡོ་རྗེ་གིས་ མོང་སྒར་རྫོང་བདག་སྦེ་ སྡོད་པའི་སྐབས་ལུ་ དགྲ་མེད་རྩེ་གྲྭ་ཚང་དང་ བུམ་ཐང་མཁར་ཆུ་གྲྭ་ཚང་ དེ་ལས་ ཀུན་བཟང་སྒྲོལ་མ་ལུ་ ས་ཆ་སྤྲོད་མི་དེ་ གཞུང་གི་ཁྲིམས་ལུགས་དང་མ་འཁྲིལ་བར་ སྤྲོད་ནུག་ཟེར་ཨིན་པས།
བློན་པོའི་རྒྱབ་མི་གིས་ ས་ཆ་བགོ་བཀྲམ་དེ་ འབྲུག་གི་ ཁྲོམ་སྡེའི་བཅའ་ཁྲིམས་སྤྱི་ལོ་༡༩༩༩ ཅན་མ་དང་འཁྲིལ་ བགོ་སྤྲོད་འབད་ནུག་ཟེར་ཞུ་མི་ལུ་ ལྷན་ཚོགས་ཀྱིས་འབད་བ་ཅིན་ བཅའ་ཁྲིམས་དེ་གིས་ མི་འགབ་ཟེར་ཨིནམ་ད་ དེ་ཡང་ གཞུང་ལས་ ལག་ལེན་འཐབ་ཆོག་པའི་ བཀའི་གནང་བ་ཅིག་བཟོ་ཞིནམ་ལས་ ལག་ལེན་འཐབ་ནི་ཟེར་ བཀོད་དེ་ཡོདཔ་ལས་ གལ་སྲིད་ བཅའ་ཁྲིམས་དེ་ ལག་ལེན་འཐབ་ཡོད་རུང་ གོ་སྐབས་དང་པ་ར་ ས་གནས་ཁར་སྡོད་མི་ཚུ་ལུ་ སྤྲོད་དགོཔ་ཨིན་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༡༩༨༧ ཆ་རྐྱེན་ཅན་གྱི་ བཀའ་རྒྱ་ནང་ཡང་ གཞུང་ལས་ ཁྲིམས་ལུགས་ཅིག་མ་སྤེལ་ཚུན་ ག་གིས་ཡང་ ས་ཆ་ཏོག་ལེབ་གང་ཡང་ གནང་མི་ཆོག་ཟེར་ཡོདཔ་ལས་ ས་ཆ་སྤྲོད་ནིའི་དབང་ཚད་མིན་འདུག་ཟེར་ཨིནམ་ད་ གལ་སྲིད་ སྤྱི་ལོ་༡༩༩༡ ལུ་ ཞབས་ཏོག་ལྷན་ཁག་དང་ རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མི་ ཡི་གུ་དེ་དང་འཁྲིལ་ བགོ་སྤྲོད་འབད་ཡི་ཟེར་བ་ཅིན་ ཡིག་གུ་དེ་༢ པོ་དང་ཡང་ མ་འཁྲིལ་བས་ཟེར་ཨིན་པས།
དེ་ཡང་ གྲྭ་ཚང་༢ ཡུན་བརྟན་གནས་ཐབས་དང་ བཅའ་སྒྲིག་རྐྱབ་པའི་དགའ་ཚོར་ལུ་ ཀུན་བཟང་སྒྲོལ་མ་ལུ་སྤྲོད་མི་དེ་ སྐྱིད་སྡུག་གནང་ཡོདཔ་བཟུམ་ཅིག་ཡོདཔ་ལས་ ས་ཆའི་སྐྱིད་སྡུག་གནང་ནི་དེ་ རྫོང་བདག་ལུ་ དབང་ཚད་མེད་ཟེར་ཨིནམ་ད་ གཞུང་གི་བཀའ་རྒྱ་དང་ ཁྲིམས་ལུགས་ཚུ་ ཚུལ་མཐུན་སྦེ་ ལག་ལེན་འཐབ་ཡོད་པ་ཅིན་ ད་རེས་ཀྱི་ སྟབས་མ་བདེཝ་དེ་ མི་ཐོན་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ ཡི་གུ་༢ དང་ ས་ཆ་དེ་ དང་པ་ར་ ས་གནས་ཁར་ཁྲིམས་མཐུན་ཆོག་ཐམ་ཐོག་ལུ་ ཚོང་རྐྱབ་སྡོད་མི་དང་ ས་གནས་ཁར་སྡོད་མི་ དེ་ལས་རྐྱངམ་གཅིག་ གཞན་ཚུ་ལུ་ སྤྲོད་དགོཔ་ཡོད་རུང་ ད་ལྟོའི་བར་ན་ཡང་ ཞུ་ཡིག་བཙུགས་མི་༡༥༢ ཡོདཔ་ད་ དེ་གི་གྲལ་ལས་༢༥ ཕ་གཞིས་ཤོར་མི་ཨིནམ་ད་ ཁོང་གིས་ཡང་ འཐོབ་མ་ཚུགས་མི་དེ་ གནད་དོན་ག་ཅི་སྨོ་ཟེར་ཨིན་པས།
དེ་མ་ཚད་ དོན་ཆེད་ར་ གཞུང་ཞབས་ལས་ བཀའ་རྒྱ་ཡང་བསྐྱར་གནང་མི་དེ་ཡང་ དེ་བཟུམ་གྱི་ སྟབས་མ་བདེཝ་འཐོན་མི་བཅུག་ནིའི་དོན་ལུ་ཨིན་རུང་ ད་རེས་སྟབས་མ་བདེཝ་ཐོན་མི་དེ་ བཀའ་རྒྱ་རྒྱབ་སྐྱུར་བཞག་ཐོག་ ས་ཆ་དེ་ རང་མོས་རྣམ་དག་ཐོག་ལུ་ མ་སྤྲོདཔ་ལས་བརྟེན་ རྩོད་གཞི་ཐོན་ཡི་ཟེར་ཨིན་པས།
གཞུང་གིས་འབད་མ་ཆོག་པའི་ བཀའ་རྒྱ་ཡོདཔ་ཤེས་རུང་ ལམ་ལུགས་དང་མ་འཁྲིལ་བར་ བགོ་བཀྲམ་འབད་ཡོདཔ་ལས་ ཡིག་ཚང་གི་ བྱ་སྤྱོད་ངན་པ་ལུ་བརྟེན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ པའི་ ཀ་པ་དང་འཁྲིལ་༢༩༥ གི་ ཉེས་ཁྲིམས་སྨིན་དགོཔ་འདུག་ཟེར་ཞུ་ཡི།
ཨིན་རུང་ རྒྱབ་མི་གིས་ ཞུ་མིའི་ནང་ བློན་པོ་ལུ་ ཉེས་རྩོད་ཀྱི་ཉེས་པ་སྨིན་དགོ་པ་ཅིན་ ལྷན་ཚོགས་ཀྱི་ཁ་ཐུག་ལས་ བྱ་ངན་འབད་ཡོད་པའི་སྐོར་ བསམ་སྦྱོར་ལས་འདས་པའི་སྒྲུབ་བྱེད་ བཏོན་དགོཔ་ཅིག་ཨིན་རུང་ མནོ་ཞིང་བསམ་བཞིན་དུ་ ལཱ་ངན་འབད་ཡོད་པའི་སྐོར་ལས་ བསམ་སྦྱོར་ལས་འདས་པའི་ སྒྲུབ་བྱེད་བཏོན་དགོ་ཟེར་ཞུ་ཡི།
དེ་མ་ཚད་ ཁོ་གིས་འབད་བ་ཅིན་ བློན་པོ་གིས་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ སྤྱི་ལོ་༡༩༨༧ གྱི་བཀའ་རྒྱ་དང་ སྤྱི་ལོ་༡༩༩༡ ལུ་གནང་མི་ རྫོང་སྡེ་སྤྱི་ཁྱབ་དང་ ཞབས་ཏོག་ལྷན་ཁག་གིས་གནང་མི་ ཡི་གུ་ལས་མ་འགལ་བར་ འབད་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༩ གི་ འབྲུག་གི་ཁྲོམ་སྡེ་ལས་འཛིན་གྱི་ བཅའ་ཁྲིམས་དང་འཁྲིལ་ བགོ་བཀྲམ་འབད་ནུག་ཟེར་ཨིནམ་ལས་ ཉེས་པ་རྩ་ལས་མིན་འདུག་ཟེར་ཨིན་པས།
རྒྱབ་མི་གིས་ ཞུ་མིའི་ནང་ བློན་པོ་རྫོང་བདག་སྦེ་ མ་ལྷོད་པའི་ཧེ་མར་ རྒྱལ་པོའི་ཞིང་ལུ་ ས་ཆ་ཐེངས་༣ བགོ་བཀྲམ་འབད་ཚར་ཡོདཔ་ལས་ བློན་པོ་གིས་ གྲྭ་ཚང་༢ དང་ ཀུན་བཟང་སྒྲོལ་མ་ལུ་ བགོ་བཀྲམ་འབད་མི་དེ་ གཞན་གྱི་གྲངས་སུ་ཚུད་ཡོདཔ་ལས་ ཁོང་རའི་ ཞུ་ཡིག་དང་འཁྲིལ་ ཐོབ་ཁུངས་ཡོད་མི་ལུ་ར་ སྤྲོད་ནུག་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་པོའི་ཞིང་ལུ་ ས་ཆ་ཐེངས་༣ ཚད་གཞི་དང་འཁྲིལ་ བགོ་བཀྲམ་འབད་ཡོད་པའི་ སྒྲུབ་བྱེད་དེ་ཡང་ སྤྱི་ལོ་༢༠༠༣ ཟླ་༡༠ པའི་ནང་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ཚོགས་པའི་སྐབས་ ཧེ་མའི་ རྫོང་བདག་གིས་ ཚོགས་དམངས་ལུ་ རྒྱལ་པོའི་ཞིང་ལུ་ ས་ཆ་སྤྲོད་ནི་ཡོད་མི་དེ་ ཚུལ་མཐུན་སྦེ་ སྤྲོད་ཚར་ཡོདཔ་མ་ཚད་ ཚོང་པ་ཚུ་གིས་ ཁྱིམ་ཚུ་ཡང་ རྐྱབ་ནི་འགོ་བཙུགས་ཏེ་ཡོད་ཟེར་གསུངས་ནུག་ཟེར་ཨིན་པས།
ཨིན་རུང་ དེ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞུ་མིའི་ནང་ ཧེ་མའི་ རྫོང་བདག་གིས་ལཱ་འབད་ཚར་བ་ཅིན་ ཤུལ་ལས་ གྲྭ་ཚང་༢ དང་ ཀུན་བཟང་སྒྲོལ་མ་ལུ་ བགོ་བཀྲམ་འབད་མི་དེ་ ག་ཅི་སྨོ་ཟེར་ཨིནམ་ད་ དེ་མ་ཚད་ ས་ཆ་དེ་ ཧེ་མ་སྤྲོད་རུང་ ཤུལ་ལས་སྤྲོད་རུང་ གཞུང་གི་ལམ་ལུགས་དང་འཁྲིལ་ནི་མ་གཏོགས་ དགའ་དགའཝ་སྦེ་ སྤྲོད་ནི་ཨིན་པ་ཅིན་ རྒྱལ་ཁབ་ནང་ ཁྲིམས་དང་ལམ་ལུགས་ཡང་ མི་དགོ་པས་ཟེར་ ཨིན་པའི་གནས་ཚུལ།
མོང་སྒར་ལས་ བདེ་ཆེན་ཚེ་རིང།
No comments:
Post a Comment