གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ ནང་འཁོད་གནམ་ཐང་ནང་ གནམ་གྲུ་ཐེངས་༢ པ་ཆགས་ཡོདཔ།

༢༨/༢/༢༠༡༣   ༉ ཁ་ཙ་ དགེ་ལེགས་ཕུག་ ནང་འཁོད་གནམ་ཐང་ནང་ འབྲུག་པའི་གནམ་གྲུ་ ཀེ་བི་༡༠༡ ཆགས་མི་དེ་ འདས་པའི་ལོ་མཇུག་བསྡུ་ཁམས་ལུ་ཆགས་མི་ འགོ་འབྱེད་སྐབས་ཀྱི་ གནམ་གྲུའི་ཤུལ་ལས་ ཐེངས་༢ པ་ཨིན་པས།


ཤོང་ཚད་འགྲུལ་པ་༤༨ འབད་མི་ གནམ་གྲུ་དེ་གིས་ ཁ་ཙ་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ལུ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ལས་ དགེ་ལེགས་ཕུག་ ལུང་ཕྱོགས་ལཱ་གཡོག་འགྲེམ་སྟོན་ཐེངས་༤ པའི་ནང་ སྐུ་མགྲོན་གཙོ་བོ་སྦེ་བྱོན་མི་ ལས་གཡོག་བློན་པོ་རྡོ་རྗེ་དབང་འདུས་དང་ དམིགས་བསལ་གྱི་སྐུ་མགྲོན་ བརྒྱུད་འབྲེལ་བློན་པོ་ ནཱན་ད་ལཱལ་ རའི་གིས་གཙོས་པའི་ ལྷན་ཁག་༢ ནང་ལས་ འགོ་དཔོན་ཚུ་རྩིས་ཏེ་ འགྲུལཔ་༢༣ འགྲུལ་སྐྱོད་འབད་ཞིནམ་ལས་ དུས་ཡུན་སྐར་མ་༢༠ དེ་ཅིག་ སྒུག་ཞིནམ་ལས་ འགྲུལ་པ་ཚུ་བཏོན་བཞག་བཞག་སྟེ་ བུམ་ཐང་དང་ ཡོན་ཕུ་ལ་ལུ་ འཕུར་འགྲུལ་འབད་ཡོདཔ་ཨིན་པས།
དེ་ལས་ ཡོན་ཕུ་ལ་ལས་ ལོག་སྤ་རོ་ལུ་ འཕུར་འགྲུལ་འབད་བའི་ལམ་ཁར་ དྲོ་པའི་ཆུ་ཚོད་༡༠ དེ་ཅིག་ལུ་ གནམ་ཐང་ནང་ཆགས་ཞིནམ་ལས་ ད་རུང་ དུས་ཡུན་སྐར་མ་༢༠ དེ་ཅིག་གི་རིང་ སྒུག་སྡོད་ཞིནམ་ལས་ སྡེ་ཚན་དེ་ ལོག་འཐུ་འབག་ཡོདཔ་ད་ གནམ་གྲུ་ནང་ ཡོན་ཕུ་ལ་དང་ བུམ་ཐང་ལས་འོང་མི་ འགྲུལ་པ་ཚུ་རྩིས་ཏེ་ འགྲུལ་པ་བསྡོམས་༣༩ གིས་ འཕུར་འགྲུལ་འབད་ཡོདཔ་ཨིན་པས།
སྡེ་ཚན་དེ་ཡང་ དགེ་ལེགས་ཕུག་ལས་ འགོ་འབྱེད་གནང་ཚར་ཏེ་ དུམ་གྲ་ཅིག་གི་རྒྱབ་ལས་ ལོག་སོང་ཡོདཔ་ད་ གནམ་གྲུ་དེ་གིས་ དགེ་ལེགས་ཕུག་ལས་ སྤ་རོ་ལུ་ དུས་ཡུན་སྐར་མ་༢༥ འགོར་དོ་ཡོདཔ་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱི་ ཚོང་འབྲེལ་ལས་ཁུངས་ཀྱི་ སྤྱི་ཁྱབ་འཛིན་སྐྱོང་པ་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ གནམ་གྲུ་དེ་ བུམ་ཐང་དང་ ཡོན་ཕུ་ལ་ལུ་ འཕུར་འགྲུལ་གྱི་ལས་རིམ་ནང་ཡོད་མི་ གནམ་གྲུ་ཅིག་ཨིན་ཟེར་ཨིནམ་ད་ ད་རེས་ དགེ་ལེགས་ཕུག་ལུ་ འཕུར་འགྲུལ་འབད་མི་དེ་ཡང་ ལྷན་ཁག་༢ ཀྱིས་ ཧེ་མ་ལས་ གླ་ཆ་སྤྲོད་དེ་ མཁོ་མངགས་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
དགེ་ལེགས་ཕུག་གནམ་ཐང་ནང་ དུས་རྒྱུན་གྱི་ ལས་རིམ་དང་འབྲེལ་བའི་ གནམ་གྲུའི་འཕུར་འགྲུལ་ ནམ་ལས་འགོ་བཙུགས་ནི་ཨིན་ན་ཟེར་ དྲི་བཀོད་འབད་བའི་ལན་ལུ་ འབྲུག་མཁའ་འགྲུལ་གྱི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ རྒྱ་མཚོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱིས་ ལས་རིམ་བཟོ་བའི་བསྒང་ཡོད་མི་ མཐུན་རྐྱེན་མཁོ་ཆས་ཚུ་ ནམ་བཟོ་སྐྲུན་འབད་ཚར་འོང་ག་ དེ་ལུ་ རག་ལས་ཟེར་ཨིན་པས།
རྒྱ་མཚོ་གིས་ སླབ་མིའི་ནང་ ད་ལྟོ་ གནམ་གྲུའི་རྒྱུག་ལམ་དེ་རྐྱངམ་གཅིག་ བསྒྲུབས་ཡོད་རུང་ ད་རུང་ ལྕགས་སྐུད་རྭཝ་རྐྱབ་ནི་དང་ འཐོན་འཛུལ་གྱི་ས་ཁོངས་བཟོ་སྐྲུན་ དེ་ལས་ དགོས་མཁོ་ཅན་གྱི་མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ལས་ དེ་ཚུ་མཇུག་མ་བསྡུ་ཚུན་ འཕུར་འགྲུལ་མི་འབད་ཟེར་ཨིན་པས།
ད་རེས་ནངས་པ་ འབྲུག་མཁའ་འགྲུལ་གྱི་ ཚོང་འབྲེལ་སྡེ་ཚན་གྱིས་ དགེ་ལེགས་ཕུག་གནམ་ཐང་སྤྱོད་མི་ ལྟ་བཤལཔ་དང་ ནང་འཁོད་ཀྱི་ འགྲུལ་པ་ཚུ་ ག་དེ་སྦེ་འོང་ག་ བརྟག་ཞིབ་འབད་བའི་བསྒང་ཡོད་ཟེར་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment