གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༦/༢/༢༠༡༣   ས་འོག་ལས་ དུང་ལམ་བཏོན་ནིའི་ཚབ་ ཐབས་ལམ་གཞན་མེདཔ་ཨིན་ན?
 ༉ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ས་མཚམས་བརྒྱུད་དེ་ ས་སྣུམ་གྱི་རིགས་ཚུ་ འབྲུག་གི་ ནུབ་ཕྱོགས་ཁ་ཐུག་ལུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ ས་འོག་ལས་ དུང་ལམ་བཏོན་ནིའི་ འཆར་གཞི་དང་ དམིགས་གཏད་བསྐྱེད་མི་ལུ་ལྟཝ་ད་ ནན་ཞིབ་ཧྲིལ་པོར་འབད་དགོཔ་བཟུམ་ཅིག་ མཐོངམ་ཨིན་མས།


ཨིན་རུང་ ཡུན་བརྟན་ཅན་གྱི་ ཐབས་ལམ་འདི་ འཛམ་གླིང་རྒྱལ་ཁབ་ག་ཏེ་འབད་རུང་ ས་སྣུམ་ཐོན་སའི་ས་ཁོངས་ནང་ལས་ ཀི་ལོ་མི་ཊར་ སྟོང་ཕྲག་ལས་བཅད་དེ་ཡོད་པའི་ གཙང་དག་བཟོ་ས་དང་ དེ་ཁ་ལས་ བེད་སྤྱོད་འབད་སའི་ས་གནས་ཚུ་ནང་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ ཐབས་ལམ་དྲག་ཤོས་ཅིག་ཨིནམ་ལས་ ཆ་མཉམ་གྱིས་ ལག་ལེན་འཐབ་ཨིན་པས།
འདི་བཟུམ་མའི་ ཐམས་ལམ་བཏོན་མི་དེ་ཡང་ གཙོ་བོ་ར་ ས་སྣུམ་སྐྱེལ་འདྲེན་གྱི་ ཟད་འགྲོ་མར་ཕབ་རྐྱབ་ནི་དང་ དགོས་མཁོ་ཆེ་བའི་ ས་གནས་ཚུ་ནང་ རྒྱུན་མ་ཆད་པར་ བཀྲམ་སྤེལ་འབད་ནི་ དེ་ལས་ དཔལ་འབྱོར་གྱི་ ཁེ་ཕན་ལེན་ནིའི་དོན་ལུ་ཨིན་མས།
འབྲུག་གི་དོན་ལུ་འབད་རུང་ རྒྱ་གར་ལས་ ས་སྣུམ་ཚུ་ ནང་འདྲེན་འབདཝ་ད་ སྐྱེལ་འདྲེན་གྱི་ཟད་འགྲོ་ མར་ཕབ་རྐྱབ་ནི་དང་འབྲེལ་ པེ་ཊཱོལ་དང་ ཌི་ཟིལ་ ས་མར་ཁུ་ དེ་ལས་ མེ་རླུང་གེསི་ཚུ་ བར་མ་ཆད་པར་ དུས་རྒྱུན་དུ་ བཀྲམ་སྤེལ་འབད་ཚུགསཔ་བཟོ་ནིའི་དོན་ལུ་ཨིན་མས།
སྔོན་རྩིས་དང་འཁྲིལཝ་ད་ འབྲུག་ལུ་ ས་སྣུམ་སྐྱེལ་འདྲེན་གྱི་ ཟད་འགྲོ་དེ་ རྒྱ་གར་དང་ཕྱདཔ་ད་ གསུམ་ལྟབ་ཀྱིས་ མཐོ་དོ་ཡོདཔ་ལས་ དེ་གིས་ མཐའན་མཇུག་ལུ་ སིལ་ཚོང་གི་གོང་ཚད་ ལྕི་དྲགས་སྦེ་ གནསཔ་ཨིན་མས།
དཔེ་འབད་བ་ཅིན་ འབྲུག་གི་ནུབ་ཕྱོགས་ལུ་ ཉིནམ་གཅིག་ནང་ ས་སྣུམ་ལི་ཊར་༡༥༦,༠༠༠ སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྣུམ་འཁོར་ཊཱག་ཚུ་གིས་ ལོ་བསྟར་བཞིན་དུ་ ཌི་ཟིལ་ལི་ཊར་༤༤༠,༠༠༠ དེ་ཅིག་ ལག་ལེན་འཐབ་དོ་ཡོད་པའི་ ངོས་འཛིན་བྱུང་ནུག།
འདས་པའི་ལོ་ཚུ་ནང་ གནམ་བྱཱར་གྱི་དུས་ཚོད་ལུ་ ས་རུད་ཆད་དེ་ སྣུམ་འཁོར་ལམ་ཚུ་ ཉིནམ་ལས་བཅད་དེ་ བཀག་ལུས་པའི་སྐབས་ དམིགས་བསལ་དུ་ ཁྲོམ་སྡེ་ཚུ་ནང་ མེ་རླུང་གེསི་ལག་ལེན་འཐབ་མི་ཚུ་གིས་ ཉོགས་བཤད་བཀོདཔ་ད་ ཚོང་འབྲེལ་འགོ་དཔོན་ཚུ་ཡང་ དཀའ་ངལ་སེལ་ཐབས་འབད་ནིའི་དོན་ལུ་ ས་འོག་ལས་ གེསི་གི་དུང་ལམ་བཙུགས་ནིའི་ ལོ་རྒྱུས་ཚུ་ཐོནམ་ཨིན་མས།
དེ་འབདཝ་ད་ འདི་བཟུམ་མའི་ ལས་འགུལ་ཅིག་གི་དོན་ལུ་ གཞུང་གི་འགོ་དཔོན་ཚུ་གིས་འབད་བ་ཅིན་ མ་རྩ་འབོར་ཆེ་ཏོག་ཏོ་དགོཔ་ལས་ མ་དངུལ་གྱི་ཐོན་ཁུངས་ ཚད་ཅིག་ལས་མེད་པའི་ རྒྱལ་ཁབ་ཚུ་གི་དོན་ལུ་ མ་རྩ་བཙུགས་སའི་ ས་གོའི་དོན་ལུ་ ཐད་ཀར་དུ་ གྲོས་ཐག་བཅད་ནི་དེ་ཡང་ བསམ་ཞིབ་མཐིལ་ཕྱིན་འབད་དགོཔ་ཅིག་ཨིན་མས།
ཨིན་རུང་ འདི་བཟུམ་མའི་ ཕན་རླབས་ཆེ་བའི་ འཆར་གཞི་བརྩམ་ཞིནམ་ལས་ དོན་མེད་ཀྱི་ཟད་འགྲོ་མར་ཕབ་རྐྱབ་ནི་དང་ མཁོ་སྤྲོད་ཞབས་ཏོག་ཚུ་ ལེགས་བཅོས་འབད་ནི་ལུ་ མནོ་བསམ་རྒྱ་ཆེར་ གཏང་དགོཔ་འདུག་ཟེར་མནོཝ་མས།
གནད་དོན་འདི་ལུ་བརྟེན་ སྲིད་བྱུས་མཁན་ཚུ་གིས་ རྒྱལ་ཁབ་ནང་གི་ འགྲུལ་སྐྱོད་ལམ་ཐག་ཚུ་ ཐུང་ཀུ་བཟོ་ནིའི་དོན་ལུ་ ས་དོང་འཁོར་ལམ་བཏོན་ཏེ་ ས་སྣུམ་གྱི་སྤྱོད་ཚད་ མར་ཕབ་རྐྱབ་ནི་དང་ རྒྱུ་ཆས་ནང་འདྲེན་འབད་སའི་ ས་མཚམས་ས་གནས་ཚུ་ལས་ ས་ཁ་མཐོ་སའི་ ས་གནས་ཚུ་ནང་ དོས་ཆས་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ ཐག་ལམ་འཕྲུལ་རིག་ཚུ་ ལག་ལེན་འཐབ་ནི་བཟུམ་མའི་ གདམ་ཁ་གཞན་ཡང་ ལེ་ཤ་ཡོད་པའི་སྐོར་ལས་ བཤདཔ་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment