གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཚོད་ཁར་ ཁཝ་རྐྱབ་མི་དེ་ ལེགས་པའི་རྟགས་མཚན་ཨིནམ།

༡༩/༢/༢༠༡༣   ༉ ལོ་ངོ་མང་རབས་ཅིག་གི་རྒྱབ་ལས་ རྒྱལ་ཁབ་ནང་ ཁཝ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ནུབ་ཕྱོགས་ཁ་ཐུག་ལུ་སྡོད་མི་ཚུ་ སྤྱི་ཟླ་༢ པའི་ཚེས་༡༧ གྱི་ དྲོ་པ་ལོང་སྟེ་ སྒོ་སྒྲིག་ནང་ལས་ ལྟ་བའི་བསྒང་ལས་ ཁཝ་སྟུག་དྲགས་སྦེ་ ཆགས་ཡོདཔ་མཐོང་སྟེ་ སེམས་ཁར་ དགའ་སྤྲོ་སྦོམ་བྱུང་ཡོདཔ་ཨིན་པས།
ཁཝ་སྟུག་དྲགས་སྦེ་ཆགས་མི་ ཐིམ་ཕུའི་ལུང་གཤོང།


འདས་པའི་ལོའི་ ཁཝ་གི་སྟུག་ཚད་དང་ ད་རེས་ཀྱི་ཁྱད་པར་ བལྟ་ནིའི་དོན་ལུ་ གནམ་གཤིས་བརྟག་དཔྱད་སྡེ་ཚན་ནང་ ཁཝ་གི་སྟུག་ཚད་ཚུ་ ཐོ་བཀོད་འབད་དེ་མེདཔ་ཨིན་རུང་ ཐིམ་ཕུ་ལུ་སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ཁཝ་ཤུགས་སྦེ་མ་རྐྱབ་པར་ ལོ་ངོ་༢༠ དེ་ཅིག་ ཡར་སོ་ཡི་ཟེར་ཨིན་པས།
ལས་འཛིན་ཅིག་ནང་ ལཱ་འབད་མི་ ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་ངོ་ལེ་ཤ་གི་རྒྱབ་ལས་ ཁཝ་ཤུགས་སྦེ་ རྐྱབ་སར་མཐོངམ་ད་ སེམས་ཀྱི་གདིང་ལས་ར་ དགའཝ་མས་ཟེར་ཨིན་པས།
ཧཱ་གི་ མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཁཝ་ཤུགས་སྦེ་རྐྱབ་མི་དེ་ ལོ་ངོ་༡༤ དེ་ཅིག་གི་ ཤུལ་ལས་ཨིན་ཟེར་ཨིན་པས།
གནམ་གཤིས་བརྟག་དཔྱད་སྡེ་ཚན་གྱིས་ ཁཝ་གི་སྟུག་ཚད་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ སྟུག་ཤོས་ར་ ཧཱ་རྫོང་ཁག་ནང་ སེན་ཊི་མི་ཊར་༢༢ རྐྱབ་ནུག་ཟེར་ཨིན་པས།
གནམ་གཤིས་བརྟག་དཔྱད་སྡེ་ཚན་གྱི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ཁཝ་གི་སྟུག་ཚད་ཚུ་ མི་སྡོད་སའི་ས་ཁོངས་དང་ ཁྲོམ་ཁ་ལས་ འཇལ་ཡི་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ལ་བདའ་སྟེ་ འཇལ་འཇལཝ་ཨིན་པ་ཅིན་ སྟུག་ཚད་ དེ་ལས་ ལྷགཔ་སྦེ་འོང་ནི་མས་ཟེར་ཨིན་པས།
ཧཱ་ཡངས་ཐང་ལས་ རིན་ཆེན་ཟླ་བ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རང་ཟླ་༢ པའི་ནང་ལས་ ལོ་ཐོག་བཏབ་ནིའི་དུས་ཚོད་ཨིནམ་ལས་ ད་རེས་ ཁཝ་རྐྱབ་མི་དེ་གིས་ ལོ་ཐོག་བཏབ་ནི་ལུ་ གནམ་མེད་ས་མེད་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ མི་སེར་སོ་ནམ་པ་མང་ཤོས་ཅིག་ར་ སེམས་དགའ་ནུག་ཟེར་ཨིན་པས།
དེ་འབདཝ་ད་ ལ་བདའ་སྟེ་ གཡག་འཚོ་སྡོད་མི་དང་ གཡག་ཚུ་ ས་ཁ་མཐོ་སར་འབད་ནི་དེ་གིས་ ཁཝ་སྟུག་དྲགས་སྦེ་ རྐྱབ་པའི་བསྒང་ལས་ རྩྭ་མ་ཐོབ་པའི་དཀའ་ངལ་བྱུང་དོ་ཡོདཔ་ལས་ གཡག་འཚོ་སྡོད་མི་ཚུ་གི་དོན་ལུ་ ཚ་གྱང་ཅན་ཅིག་ཨིན་ཟེར་ཨིན་པས།
ཧཱ་གི་ ཤུལ་ལས་ར་ མགར་ས་ལུ་ ཁཝ་སྟུག་ཚད་ སེན་ཊི་མི་ཊར་༢༠ རྐྱབ་ཡོདཔ་ད་ ཐིམ་ཕུ་ལུ་ སེན་ཊི་མི་ཊར་༨.༥ དང་ དེ་ལས་ སྤ་རོ་དང་ བུམ་ཐང་ལུ་ ཁཝ་སྟུག་ཚད་ སེན་ཊི་མི་ཊར་༥ རྐྱབ་ཡོདཔ་ཨིན་པས།
མི་མང་ཤོས་ཅིག་ར་ ཁཝ་ཤུགས་སྦེ་རྐྱབ་མི་དེ་ལུ་ ཚ་གྱང་ལང་དོ་ཡོདཔ་ཨིན་རུང་ གནམ་གཤིས་བརྟག་དཔྱད་སྡེ་ཚན་གྱི་ འགོ་དཔོན་ བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ གནམ་དགུན་གྱི་ དུས་ཚོད་ཁར་འབད་ནི་དེ་གིས་ རང་བཞིན་ཨིན་ཟེར་ཨིན་པས།
ཐིམ་ཕུ་ལུ་ སྤྱི་ཟླ་༢ པའི་ཚེས་༡༦ གི་ཕྱི་རུ་ལས་ འགོ་བཙུགས་ཏེ་ ཁཝ་རྐྱབ་མི་དེ་གིས་ དེ་གི་ནངས་པ་ དྲོ་པ་ཆུ་ཚོད་༡༠ ཚུན་རྐྱབ་ཡོདཔ་ཨིན་པས།
ཨིན་རུང་ ཐིམ་ཕུ་ལུ་ སྤྱི་ཟླ་༡ པའི་ཚེས་༡༩ ལུ་ ཁཝ་སྟུག་ཚད་ སེན་ཊི་མི་ཊར་༡.༢ འབད་མི་ཅིག་ རྐྱབ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment