གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་འདུ་ ཧ་སུ་སྦེ་ རྩ་གྲོལ་གཏང་ནིའི་གྲོས་འཆར།

༩/༢/༢༠༡༣   དེ་གི་དོན་ལུ་ སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་དེ་ འཕྲི་སྣོན་མཛད་ནི།
༉ དམངས་གཙོའི་ཐོག་ལས་ བཙག་འཐུ་གྲུབ་མི་ གཞུང་སྐྱོང་ཚོགས་པ་དང་པ་གིས་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་ལོ་ངོ་༥ ཨིན་མི་དེ་ སྤྱི་ཟླ་༤ པའི་ནང་ མ་ཚང་པའི་ཧེ་མར་ རྩ་གྲོལ་གཏང་ནི་གི་ གྲོས་འཆར་ཕུལ་ཏེ་ཡོདཔ་ཨིན་པས།
སྤྱི་ཚོགས་དང་པའི་མཐའན་མཇུག་གི་ ཚོགས་ཐེངས་༡༠ པའི་ནང་ བྱོན་གནང་མི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཚོགས་དཔོན་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ དེ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ ཞལ་འདྲིས་གནང་པའི་བསྒང་།


རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ རྒྱལ་ཡོངས་ཀྱི་ མཐའ་དོན་དང་ ཚོགས་རྒྱན་སྐྱུར་མི་ མི་སེར་ཚུ་གི་ སྟབས་བདེ་ཧིང་ལུ་གཟིགས་ཏེ་ བློན་ཆེན་གྱིས་སྦེ་ མི་དབང་མངའ་བདག་རིན་རིན་པོ་ཆེ་མཆོག་ལུ་ གཞུང་གནས་ཡུན་མ་ཚངམ་ལས་ རྩ་གྲོལ་གཏང་ནི་གི་ གྲོས་འདེབས་ ཕུལ་ཏེ་ཡོད་ཟེར་ཨིན་པས།
ཁ་ཙ་ འབྲུག་གི་སྤྱི་ཚོགས་དང་པའི་ མཐའན་ཇུག་གི་ ཚོགས་ཐེངས་༡༠ པ་ དབུ་འཛུགས་སྐབས་ ཚོགས་དཔོན་གྱིས་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ སྤྱི་ཚོགས་ལྷན་བཞུགས་ལུ་ གནས་ཚུལ་དང་འདྲཝ་སྦེ་ གསུངས་མིའི་ནང་ ཚོགས་ཁང་གཉིས་ཆ་རའི་ ལོ་ངོ་༥ གི་ གནས་ཡུན་དེ་ སྤྱི་ཟླ་༤ པ་མཇུག་བསྡུ་ཁམས་ལུ་ ཕོགཔ་བཞིན་དུ་ རྒྱལ་ཡོངས་ཚོགས་སྡེའི་ཐད་ལུ་ གནས་ཡུན་དང་འཁྲིལ་ཏེ་ར་ ལག་ལེན་འཐབ་ནི་ཨིན་རུང་ རྒྱལ་ཡོངས་ཚོགས་འདུ་དེ་ གནས་ཡུན་ལོ་ངོ་༥ ཚང་ཚང་ར་ སྡོད་པ་ཅིན་ ཤུལ་མའི་རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ལུ་ སྟབས་མ་བདེཝ་འཐོན་ནི་མས་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་འདི་ དུམ་གྲ་ཅིག་ ཚུར་མ་འཐེན་པ་ཅིན་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་དེ་ སྤྱི་ཟླ་༧ པའི་ནང་ ཕོག་ནི་ཨིནམ་ལས་ དེ་དང་འཁྲིལ་ཏེ་འབད་བ་ཅིན་ གནམ་བྱཱར་གྱི་ ཆར་ཆུ་འབོལ་བའི་སྐབས་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་ནི་ལུ སྟབས་མ་བདེཝ་འཐོན་ནི་ཨིནམ་མ་ཚད་ གཞུང་གི་ འཆར་ལོ་ལུ་ཡང་ སྟབས་མ་བདེཝ་འཐོན་ནི་མས་ཟེར་ ཚོགས་དཔོན་གྱིས་གསུངས་ཡི།
འདི་འབདཝ་ལས་ རྒྱལ་ཡོངས་ཚོགས་འདུ་གསརཔ་འདི་ གཞི་བཙུགས་འབད་ནི་གི་དོན་ལུ་ རྒྱལ་ཡོངས་ཚོགས་འདུའི་གནས་ཡུན་ ཚུར་འཐེནམ་ད་གཅིག་ཁར་ འཐུས་མི་ཚུ་གི་ དགོངས་ཞུའི་གསོལ་རས་ཚུ་ཡང་ ལམ་ལུགས་དང་འཁྲིལ་ཏེ་ ཕུལ་དགོཔ་ཁག་ཆེ་མི་ལུ་བརྟེན་ འབྲུག་གི་སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་དེ་ འཕྲི་སྣོན་མཛད་དགོཔ་ཁག་ཆེཝ་སྦེ་ ཐོན་སོ་ཡི་ཟེར་ ཚོགས་དཔོན་གྱིས་ གསུངས་ཡི།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ གསུངས་མིའི་ནང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༠ པའི་དོན་ཚན་༢༤ པ་དང་འཁྲིལ་རུང་ བློན་ཆེན་གྱིས་ འབྲུག་རྒྱལ་པོ་མཆོག་ལུ་ གྲོས་འདེབས་ཕུལ་ཐོག་ རྒྱལ་ཡོངས་ཚོགས་འདུ་ རྩ་གྲོལ་གཏང་ཆོག་པའི་ དོན་ཚན་ཅིག་འཁོད་དེ་ཡོདཔ་མ་ཚད་ རྩ་ཚན་༢ པའི་དོན་ཚན་༡༦ པའི་ནང་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་པོའི་ཁྱད་དབང་སྤྱོད་ནི་གི་ དགོངས་དོན་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ཞུ་སྟེ་ སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་དེ་ ད་རིས་ཀྱི་ ཚོགས་ཐེངས་ནང་ འཕྲི་སྣོན་མཛད་དགོཔ་ཁག་ཆེཝ་སྦེ་ འཐོན་ཏེ་ཡོད་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པའི་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ གཞུང་གི་ཁ་ཐུག་ལས་ སྤྱི་ཚོགས་ཀྱི་ བཙག་འཐུ་ཧ་སུ་སྦེ་ འགོ་འདྲེན་འཐབ་དགོ་པའི་ ཐབས་ལམ་བཏོན་མི་དེ་གིས་ འབྲུག་མི་སེར་དམངས་གཙོའི་ཚོགས་པ་ལུ་ ཕན་ཁྱད་འབྱུང་འོང་ཟེར་ཨིན་པས།
ང་བཅས་ཀྱི་ ལས་ཚོགས་དེ་ གྲོང་གཡུས་གནས་རིམ་ལས་འགོ་བཟུང་ གྲ་སྒྲིག་སོང་ཡོདཔ་མ་ཚད་ འདེམས་ངོ་ཚུ་ཡང་ ཧ་ལམ་ གཏན་འཁེལ་སོང་སྟེ་ཡོདཔ་ལས་ བཙག་འཐུའི་བྱ་རིམ་ཧ་སུ་སྦེ་ འགོ་འདྲེན་འཐབ་ཅིན་ མི་སེར་དམངས་གཙོའི་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་གཉིས་ཆ་ར་གིས་ འགོ་ཐོག་བཙག་འཐུ་ནང་ལས་ འཇམ་ཏོང་ཏོ་སྦེ་ རྒྱལ་ཁ་ཐོབ་ཚུགས་པའི་ འོས་འབབ་ཡོད་མི་དེ་ཡང་ ད་ལྟོ་ སྲིད་ཚོགས་གསརཔ་ཚུ་ རྫོང་ཁག་ནང་ལས་ཕར་ གསལ་སྟོན་དང་ གཞི་བཙུགས་མ་འབད་བར་ཡོད་ནི་དེ་གིས་ཨིན་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ སླབ་ཨིན་པས།
ཨིན་རུང་ གཞུང་གིས་ རྒྱལ་ཡོངས་ཚོགས་འདུ་དེ་ གནས་ཡུན་མ་ཚང་པའི་ཧེ་མར་ རྩ་གྲོལ་གཏང་ནི་གི་ གྲོས་འཆར་བཀོད་མི་ལུ་ ཁོ་ལས་ ངོས་ལེན་མེད་མི་དེ་ཡང་ གནམ་བྱཱར་གྱི་ ཆར་ཆུ་ལུ་བརྟེན་ བཙག་འཐུའི་བྱ་རིམ་ཚུ་ལུ་ བར་ཆད་རྐྱབ་ནི་ཨིན་པ་ཅིན་ དེ་གི་སྐོར་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སླབ་དགོཔ་ལས་ གཞུང་གི་འགན་འཁྲི་མེན་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་དེ་ གནས་ཡུན་ལོ་ངོ་༥ གི་དོན་ལུ་ བཙག་འཐུ་གྲུབ་ཡོདཔ་ལས་ དུས་ཡུན་ཧྲིལ་བུམ་གྱི་ འགན་ཁུར་འགྲུབ་དགོ་ཟེར་ཨིནམ་ད་ གནས་ཡུན་ཚང་ནི་ལུ་ ཟླཝ་དག་པ་ཅིག་ ལུས་མི་དེ་ ལཱ་གཡོག་དང་ རུ་པིའི་དཀའ་ངལ་ལ་སོགས་པ་ སེལ་ནི་གི་དོན་ལུ་ ལག་ལེན་འཐབ་དགོ་ཟེར་ཨིནམ་ད་ གནས་ཡུན་མ་ཚངམ་ལས་ རྩ་གྲོལ་གཏང་པ་ཅིན་ གཞུང་གིས་ འགན་ཁུར་ཚུ་ རྒྱབ་ཁར་སྐྱུར་བཞག་སྟེ་ ལོག་བཙག་འཐུ་འགྲུབ་ནི་གི་ ཐབས་ལམ་བཏོན་མི་དེ་ མིག་དཔེ་ལེགས་ཤོམ་ཅིག་མེནམ་ལས་ བློ་ཕམ་འབྱུང་ནི་གི་ གཞི་དོན་ཅིག་ཨིན་མས་ཟེར་ སླབ་ཨིན་པས།
སྲིད་དོན་ཚོགས་པ་གསརཔ་ཚུ་གིས་ཡང་ གལ་སྲིད་ བཙག་འཐུའི་བྱ་རིམ་དེ་ ཚུར་འཐེན་པ་ཅིན་ ཁོང་ལུ་ གནོད་ནི་ཨིནམ་ལས་ བཙག་འཐུ་རང་མོས་དང་ རྣམ་དག་ལུ་ བར་ཆད་རྐྱབ་ཉེན་ཡོད་ཟེར་ཨིན་པས།
ད་རུང་ ཚོགས་དཔོན་གྱིས་ འབྲུག་གི་སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་དེ་ འཕྲི་སྣོན་འབད་འོང་ཟེར་ གསུངས་མི་ལུ་ཡང་ ལྟ་རྟོག་པ་ཚུ་གིས་ སྐྱོན་བརྗོད་འབད་དོ་ཡོད་མི་དེ་ཡང་ སྤྱི་ཚོགས་དང་པའི་ཚོགས་ཐེངས་༩ པའི་ནང་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ཆ་ར་གིས་ སྤྱི་ཚོགས་འཐུས་མིའི་ཐོབ་ཐངས་འཕྲི་སྣོན་དཔྱད་ཡིག་དེ་ ངོས་ལེན་མེདཔ་སྦེ་ ཕྱིར་བཏོན་འབད་ཡོད་ནི་དེ་གིས་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ འཕྲི་སྣོན་དཔྱད་ཡིག་དེ་ ཚོགས་སྡེ་གིས་ ལམ་ལུགས་ལུ་མ་གནས་པར་ གྲོས་འབུལ་ཕུལ་ཡོདཔ་མ་ཚད་ སྤྱི་ཚོགས་ཀྱི་ འཐུས་མི་དང་འབྲེལ་བའི་ ཡིག་ཆ་ཅིག་ཨིན་ཟེར་སླབ་སྟེ་ ངོས་ལེན་འབད་མ་བཏུབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment