གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་དང་པའི་མཐའན་མཇུག་གི་ ཚོགས་ཐེངས་༡༠ པ་དབུ་འཛུགས།

༩/༢/༢༠༡༣   དེ་ཡང་ སྤྱི་ཟླ་༣ པའི་ཚེས་༦ ཚུན་ གྲོས་བསྡུར་གནངམ་ད་ དཔྱད་ཡིག་༥ ཆ་འཇོག་འགྲུབ་ཚུགས་པའི་རེ་བ།
༉ ཁ་ཙ་ སྤྱི་ཟླ་༢ པའི་ཚེས་༨ ལུ་ དཔལ་ལྡན་འབྲུག་པའི་ རང་ལུགས་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་དང་བཅས་ དབུ་འཛུགས་གནང་མི་ སྤྱི་ཚོགས་དང་པའི་ མཐའན་མཇུག་གི་ ཚོགས་ཐེངས་༡༠ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲེལ་གཏོགས་གནང་ཡི།


རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ འགོ་འབྱེད་རྟེན་འབྲེལ་ནང་བྱོན་མི་ གཞུང་གི་ཆེ་མཐོའི་འགོ་དཔོན་དང་ ཕྱིའི་སྐུ་མགྲོན་ཚུ་ལུ་ བྱོན་ལེགས་ཞུཝ་དང་འབྲེལ་ སྲིད་དོན་ཚོགས་པ་གཞི་བཙུགས་འབད་མི་ཚུ་གི་ གཙོ་འཛིན་དང་ འདེམས་ངོ་ རྒྱབ་སྐྱོར་པ་ཚུ་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིས་བདེ་ལེགས་ཡོད་ཟེར་གསུངས་ཡི།
ཚོགས་དཔོན་གྱིས་ སྤྱི་ཟླ་༡ པའི་ཚེས་༢༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ནིའུ་ལྡི་ལི་ལུ་ རྒྱ་གར་གྱི་ མི་སེར་རྒྱལ་ཁམས་ཀྱི་ཉིནམ་༦༤ པ་ བརྩི་སྲུང་ཞུ་བའི་སྐབས་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་མི་དེ་གིས་ རྒྱ་འབྲུག་རྒྱལ་ཁབ་༢ ཀྱི་བར་ན་ སྔར་ལས་ཡོད་པའི་ མཐུན་ལམ་དམ་ཟབ་དེ་ ཡར་དྲག་བཏང་ཡོདཔ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་ ལོ་ལྔའི་འཆར་གཞི་༡༡ པའི་འཆར་བཀོད་སྐོར་ལས་དང་ སྤྱི་ལོ་༢༠༢༠ ལུ་ གློག་ཤུགས་མེ་ག་ཝཱཊི་༡༠,༠༠༠ བཏོན་ནི་གི་ དམིགས་ཡུལ་འགྲུབ་ནི་ཚུ་གི་སྐོར་ལས་ གསུང་གྲོས་གནང་མི་ནེ་གིས་ཡང་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིནམ་ལས་ མི་དབང་མཆོག་ལུ་ སྤྱི་ཚོགས་ཀྱི་ ཁ་ཐུག་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
ད་རུང་ དུས་ཅི་ སྤུ་ན་ཁ་ལུ་ ཆོས་སེམས་ཅན་གྱི་ སྦྱིན་བདག་ཚུ་གིས་ སྤྱིར་འཛམ་གླིང་ཡོངས་དང་ ལྷག་པར་འབྲུག་མི་ཡོངས་ཀྱི་ མཐའ་དོན་ལུ་དམིགས་ཏེ་ དཔལ་འཁོར་ལོ་སྡོམ་པའི་ དབང་ཆེན་འགོ་འདྲེན་འཐབ་གནང་མི་དང་བསྟུན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ གཞུང་དང་ སྒེར་གྱིས་རྒྱབ་སྐྱོར་མཛད་གནང་ཡོདཔ་བཞིན་དུ་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱལ་རབས་ཅན་གྱི་ དཔལ་འཁོར་ལོ་སྡོམ་པའི་ དབང་ཆེན་གྱི་ བཀའ་དབང་གནང་མི་དེ་ལུ་ བཀའ་དྲིན་ཆེ་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།
སྤྱི་ཟླ་༣ པའི་ཚེས་༦ ཚུན་ འཚོགས་གནང་ནི་ཨིན་མི་ ད་རིས་ཀྱི་ ཚོགས་ཐེངས་ནང་ འབྲུག་གི་འགན་འཛིན་དཔྱད་ཡིག་དང་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་དུམ་དཔྱད་ཡིག་ འབྲུག་གི་ལམ་གྱི་དཔྱད་ཡིག་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་ཚུ་ ཆ་འཇོག་འགྲུབ་ཚུགས་པའི་རེ་བ་དང་ སྤྱི་ཚོགས་ལྷན་བཞུགས་ནང་ འབྲུག་གི་རྐྱེན་ངན་འཛིན་སྐྱོང་གི་དཔྱད་ཡིག་དེ་ ཆ་འཇོག་འགྲུབ་ནི་ཨིན་པས།
དེ་མ་ཚད་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་ཅིག་ཨིནམ་ལས་ ཨའི་པི་ཡུ་ཟེར་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ མཐུན་ཚོགས་ནང་ འཐུས་མི་སྦེ་ འཛུལ་ནིའི་དོན་ལུ་ ཚོགས་ཐེངས་འདི་ནང་ ཐག་བཅད་ནི་ཨིནམ་ད་ འཐུས་མི་སྦེ་ འཛུལ་དགོ་མི་དེ་ཡང་ འབྲུག་རྒྱལ་ཁབ་ཀྱི་ རང་དབང་རང་བཙན་གྱི་ ངོ་རྟགས་དང་ ངོས་འཛིན་གྱི་དོན་ལུ་ ཁག་ཆེ་མི་ལུ་བརྟེན་ཨིན་ཟེར་ ཚོགས་དཔོན་གྱིས་ གསུངས་ཡི།
ཚོགས་དཔོན་གྱིས་འབད་བ་ཅིན་ སྤྱི་ཚོགས་དང་པའི་ཚོགས་ཐེངས་༩ ཚུན་ཚོད་ སྤྱི་ཚོགས་ཀྱི་ ཁ་ཐུག་ལས་ བཅའ་ཁྲིམས་༣༢ དེ་ཅིག་ ཆ་འཇོག་གནང་ཡོདཔ་མ་ཚད་ འབྲུག་རྒྱལ་པོའི་རྒུད་གསོའི་མ་དངུལ་བཅའ་ཁྲིམས་དང་ འབྲུག་གི་ཤེས་རིག་གྲོང་ཁྱེར་བཅའ་ཁྲིམས་༢ ཡང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་གྲོལ་གནང་ཡོད་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment