གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

ལོ་ན་རྒས་རུང་ མདའ་རྩེད་ལུ་ སྤྲོ་བ་བསྐྱེད་མི་ རྒས་ཤོསམ་ཚུ།
༢༩/༠༦/༢༠༡༢   ༉ འབྲུག་མདའ་རྩེད་ཚོགས་སྡེ་གིས་ ལོ་བསྟར་བཞིན་དུ་ ཁྲི་མངའ་གསོལ་གྱི་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབད་བའི་བསྒང་ཡོད་མིའི་ནང་ སྤྲོ་བ་དང་བཅས་པའི་སྒོ་ལས་ ལྟདམོ་ལྟ་མི་བརྒྱ་ལས་བཅད་འཛོམས་ཡོད་མི་ཚུ་ འདྲོག་བྱེལ་འཐབ་དོ་ཡོདཔ་ཨིན་པས།


ཁ་ཙ་ ཐིམ་ཕུ་ཡུ་ནའི་ཊེཌ་དང་ དཔའ་གཟབ་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་༢ འབྱེཝ་འབྱེལ་ས་ ཆོད་དེ་རྒྱལ་ཁ་ཐོབ་ཅི།
དེ་ཡང་ དྲོ་པའི་ཆུ་ཚོད་༨ ལུ་ རྩེད་འགྲན་འབད་ནི་འགོ་བཙུགས་པའི་སྐབས་ དཔའ་གཟབ་སྡེ་ཚན་གྱིས་ སྐོར་ཐེངས་དང་པའི་ནང་ བཀག་རེག་༣ རྐྱབ་ད་ ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ བཀག་རེག་༢ ལས་ཕོག་མ་ཚུགསཔ་ལས་ སྐུགས་༢ ཐོབ་ནུག།
ཨིན་རུང་ སྐོར་ཐེངས་༢ པའི་ནང་ ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ བཀག་རེག་༤ རྐྱབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༡ ལས་བརྒལ་ ཕོག་མ་ཚུགསཔ་ལས་ སྐུགས་༦ ཐོབ་ཡོདཔ་བཞིན་དུ་ སྐོར་ཐེངས་༥ པ་དང་༦ པའི་ནང་ བཀག་རེག་༡༠ རེ་རྐྱབ་ཡོདཔ་ལས་ སྐུགས་ཆོད་པའི་སྐབས་ དཔའ་གཟབ་སྡེ་ཚན་གྱིས་ སྐུགས་༧ ལས་བརྒལ་ཐོབ་མ་ཚུགསཔ་ཨིན་པས།
སྐུགས་གཉིས་པའི་དོན་ལུ་ རྩེད་འགྲན་འབད་ནི་འགོ་བཙུགས་ཏེ་ སྐོར་ཐེངས་༩ པའི་ནང་ དཔའ་གཟབ་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ བཀག་རེག་༧ རྐྱབ་ད་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༣ ལས་བརྒལ་ཕོག་མ་ཚུགསཔ་ལས་ སྐུགས་༧ ཐོབ་ཡོདཔ་ཨིན་པས།
སྐོར་ཐེངས་༡༤ པ་ནང་ དཔའ་གཟབ་སྡེ་ཚན་གྱིས་ བཀག་རེག་༥ རྐྱབ་ཡོད་མི་དེ་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༡ དང་ ས་བཀག་རེག་༡ ཕོག་ཡོདཔ་ལས་ སྐུགས་༡༠ ཐོབ་པའི་སྐབས་སུ་ ཐིམ་ཕུ་ཡུ་ནའི་ཊེཌ་གིས་ སྐུགས་༢༢ ཐོབ་ཡོདཔ་ཨིན་པས།
ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་གཉིས་པམ་དེ་ཆོད་པའི་སྐབས་སུ་ དཔའ་གཟབ་སྡེ་ཚན་གྱིས་སྐུགས་༡༠ ལས་བརྒལ་ཐོབ་མ་ཚུགསཔ་ཨིན་པས།
ལྟདམོ་ལྟ་བར་འོང་མི་ ཨ་རྒས་ཚུ་གིས་ ལོ་རྒྱུས་སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ དཔལ་འབྱོར་ལོངས་སྤྱོད་གོང་འཕེལ་འགྱོ་བའི་དུས་དང་བསྟུན་ ཕྱི་རྒྱལ་གྱི་ མདའ་གཞུའི་ཐོག་ལུ་རྩེད་འགྲན་འབདཝ་ད་ ལྟདམོ་ལྟ་ནི་ལུ་ སྤྲོ་བ་དང་ དང་འདོད་སྦོམ་ཡོད་རུང་ མི་ལུ་ ཤི་རྐྱེན་བྱུང་ཡོད་པའི་སྐོར་ལས་ལོ་རྒྱུས་གོ་དོ་བཟུམ་འབད་བ་ཅིན་ ལྟདམོ་ལྟ་སྡོད་ནི་ལུ་ཡང་ འདྲོག་སྣང་ཅན་གྱི་གཞི་ཅིན་ཨིན་མས་ཟེར་ སླབ་ཨིན་པས།
རྒན་ཤོས་ལ་ལུ་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ ཕྱི་རྒྱལ་གྱི་ མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་མི་དར་ཁྱབ་སོང་མི་གིས་ མ་འོངས་པ་ལུ་ རང་ལུགས་སྤག་ཤིང་ཐོག་ལས་ རྩེད་འགྲན་འབད་མི་ཚུ་ ཉམས་ནིའི་དུས་ལུ་ འབབ་ནི་བཟུམ་འདུག་ཟེར་ཨིན་པས།
རང་ལུགས་སྤག་ཤིང་ཐོག་ལས་ རྩེད་འགྲན་འབདཝ་ད་ ལྟདམོ་ལྟ་བར་འོང་ནི་ལུ་ སྤྲོ་བ་ཡོད་པའི་ཁར་ ལྟདམོ་ཡང་ ལེགས་ཤོམ་སྦེ་ལྟ་ཚུགསཔ་ཨིན་རུང་ ད་རེས་ནངས་པའི་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབདཝ་ད་ དྲན་སྟོན་ཐོག་ལུ་སྡོད་དགོ་པས་ཟེར་བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment