![]() |
མེ་བསད་འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཐོག་ལས་ འཛུལ་སྒོ་ལུ་ཡོད་པའི་གྱང་ཚུ་ བརྡལ་བཏང་པའི་བསྒང་། |
དེ་ཡང་ རྫོང་ཁག་དང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ གྱང་ཚུ་ མེ་བསད་སྣུམ་འཁོར་ ལག་ལེན་འཐབ་ཐོག་ལས་ བརྡལ་གཏང་དགོ་པའི་ གྲོས་ཐག་བཅད་མི་དང་འཁྲིལ་ཏེ་ཨིན་པས།
རྫོང་གི་འཛུལ་སྒོའི་ གཡས་གཡོན་ལུ་ཡོད་པའི་གྱང་ཚུ་ བརྡལ་གཏང་ནིའི་དོན་ལུ་ མེ་བསད་སྣུམ་འཁོར་ཚུ་གི་ ཆུ་མཛོད་ལེ་ཤ་ཅིག་ར་ ལག་ལེན་འཐབ་རུང་ བརྡལ་མ་ཚུགས་པའི་ དཀའ་ངལ་བྱུང་ཡི།
ཨིན་རུང་ ཆུ་འབག་སྐྱེལ་མི་ སྣུམ་འཁོར་ཊེང་ཀར་ཚུ་གིས་ ཆུ་ཆད་ནི་མེད་པར་ འབག་འོང་པའི་ཁར་ རྫོང་གི་ཉེ་འདབས་ལུ་ཡོད་པའི་ ཆུ་མཛོད་ནང་ལས་ ཆུ་ལག་ལེན་འཐབ་ནི་དེ་གིས་ གྱང་ཚུ་ བརྡལ་བཏང་ཚུགས་ཅི།
འཛུལ་སྒོའི་གཡོན་ཕྱོགས་ཀྱི་ གྱང་བརྡལ་ནིའི་དོན་ལུ་ དུས་ཡུན་སྐར་མ་༣༠ དེ་ཅིག་ འགོར་ཡོདཔ་ད་ གཡས་ཕྱོགས་ཀྱི་ གྱང་བརྡལ་ནིའི་དོན་ལུ་ སྤུ་ན་གཙང་ཆུའི་ མེ་བསད་སྣུམ་འཁོར་དང་ ཁྲིམས་སྲུང་འགག་པའི་ མེ་བསད་འཕྲུལ་ཆས་༢ ཆ་ར་ ལག་ལེན་འཐབ་རུང་ དུས་ཡུན་ཆུད་ཚོད་༤ དེ་ཅིག་ འགོར་སོ་ཡི།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་སྦེ་ གྱང་ཚུ་ བརྡལ་བཏང་དགོ་མི་དེ་ཡང་ རྫོང་ནང་འཚོལ་ཞིབ་ཀྱི་ལཱ་འབད་མི་ཚུ་ འཛུལ་བའི་སྐབས་ ཉེན་ཁ་མེདཔ་བཟོ་ནིའི་དོན་ལུ་ཨིནམ་མ་ཚད་ འཚོལ་ཞིབ་ཀྱི་ལཱ་འབད་མི་ཚུ་ ནང་ན་འཛུལ་ནིའི་དོན་ལུ་ ལམ་ལེགས་ཤོམ་སྦེ་ བསལ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དེ་བཟུམ་མའི་ ལཱ་འབད་དགོ་མི་དེ་ཡང་ རྫོང་ཁག་དང་ ཁྲིམས་སྲུང་འགོ་དཔོན་ཚུ་གི་བར་ན་ མེ་མཆོད་བཞེས་མི་ རྫོང་གི་བཟོ་བཀོད་ནང་ལས་ ཤིང་ཆས་ཚུ་ ཉེན་ཁ་ཆེ་དྲགས་སྦེ་ དཔྱངས་ཡོད་མི་ཚུ་ ཕབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སྤུ་ན་གཙང་ཆུའི་ མེ་བསད་འགོ་དཔོན་འོག་མ་ པ་སངས་དབང་འདུས་ཀྱིས་འབད་བ་ཅིན་ ཁོང་གི་ མེ་བསད་འཕྲུལ་ཆས་དེ་གིས་ རིང་ཚད་ མི་ཊར་༢༠༠ དེ་ཅིག་ཚུན་ ཆུ་གཏོར་ཚུགས་ནི་དང་ དཔེ་འབད་བ་ཅིན་ རྫོང་གི་འཛུལ་སྒོ་ལས་ སྤུ་ན་གཙང་ཆུའི་ནང་ ལྷོད་ཚུགས་ནི་ཨིན་རུང་ ཐག་རིང་བའི་བསྒང་ལས་ ཆུའི་ཤུགས་ཚད་མར་འབབ་འགྱོ་འོང་ཟེར་ སླབ་ཨིན་པས།
འདས་པའི་རེས་གཟའ་ཟླ་བ་ལུ་ མེ་རྐྱེན་བྱུངམ་ལས་ཚུར་ སྤུ་ན་གཙང་ཆུའི་ མེ་བསད་འགོ་དཔོན་༣༤ དང་ ཆུ་སྐྱེལ་མི་ སྣུམ་འཁོར་༤ གིས་ རྫོང་ནང་ མེ་བསད་ཀྱི་ལཱ་ཚུ་ འབད་ཡོདཔ་ད་ སྣུམ་འཁོར་རེ་གིས་ ཆུ་ལི་ཊར་༩༠༠ རེ་ འབག་དོ་ཡོདཔ་ཨིན་པས།
པ་སངས་དབང་འདུས་ཀྱིས་འབད་བ་ཅིན་ རྐྱེན་ངན་བྱུང་བའི་སྐབས་ ཁོང་ལུ་ ཕྱི་རུའི་ཆུ་ཚོད་༤ དང་ སྐར་མ་༢༠ དེ་ཅིག་ལུ་ སྙན་ཞུ་ཐོབ་ཅི་ཟེར་ཨིནམ་ད་ དུས་ཡུན་སྐར་མ་༩ འི་ ནང་འཁོད་ལུ་ རྫོང་ནང་ལྷོད་ཅི་ཟེར་ཨིན་པས།
སྤུ་ན་གཙང་ཆུའི་ལས་འགུལ་དེ་ དབང་འདུས་ཕོ་བྲང་རྫོང་ལས་ ཀི་ལོ་མི་ཏར་༡༢ དེ་ཅིག་གི་ ས་ཁར་ཨིན་པས།
ཆུ་སྐྱེལ་མི་ སྣུམ་འཁོར་ཚུ་གིས་ ཆུ་ཚུ་ རྫོང་ནང་ལས་ དུས་ཡུན་སྐར་མ་༣༠ དེ་ཅིག་ འགོར་བའི་ས་ཁར་ཡོད་པའི་ དྭངས་ཆུའི་ནང་ལས་ ལེན་དོ་ཡོདཔ་ད་ སྣུམ་འཁོར་གྱི་ཆུ་མཛོད་ཚུ་ བཀང་ནིའི་དོན་ལུ་ སྐར་མ་༥ རེ་ འགོར་དོ་ཡོདཔ་བཞིན་དུ་ རྫོང་ནང་གཏོར་ནིའི་དོན་ལུ་ སྐར་མ་༡༠ རེ་ འགོར་དོ་ཡོདཔ་སྦེ་ པ་སངས་དབང་འདུས་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་ཚེ་ ཁོང་ལྷོད་པའི་སྐབས་ མེ་རྐྱེན་དེ་ ཁྱིམ་ཐོག་༣ པའི་ནང་ལྷོདཔ་ད་ ཁོང་གིས་ ཆུ་གཏོར་ནི་ལུ་ ག་དེམ་ཅིག་ར་ ཤུགས་བཏོན་རུང་ རླུང་ཤུགས་འཕུ་ནི་དེ་གིས་ དོ་འགྲན་འབད་མ་ཚུགས་ཟེར་ཨིན་པས།
འདས་པའི་འཆར་གཞི་རྩམ་དོ་བཟུམ་སྦེ་ རྫོང་ཁག་གི་ཡིག་ཚང་དེ་ བ་འཇོ་སློབ་གྲྭ་ནང་མེན་པར་ བ་འཇོ་ལུ་ འབྲུག་གློག་མེ་ལས་འཛིན་གྱི་ ཡིག་ཚང་གསར་པའི་ནང་ གཞི་བཙུགས་འབད་ནི་སྦེ་ གྲོས་ཐག་བཅད་ཡོད་རུང་ ཡིག་ཚང་དེ་ནང་ གློག་ཐག་ཚུ་ འཐེན་མ་ཚར་བར་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྫོང་གི་ མེ་བསད་དང་ ཉེན་སྲུང་གི་ ལཱ་འབད་མི་ཚུའི་དོན་ལུ་ བཞེས་སྒོ་དང་ ཇ་ ཆུ་ དེ་ལས་ ཤིང་འབྲས་ཀྱི་མངར་ཆུ་ཚུ་ བ་འཇོ་ཁྲོམ་གྱི་ ཚོང་པ་དམངས་དང་ གཞན་ཡང་ སྤུ་ན་ཁ་ལས་ ཁས་བླངས་པ་ཚུ་ ཐོན་ཡོདཔ་ད་ ད་ལས་ཕར་འབད་རུང་ དེ་བཟུམ་མའི་ གྲོགས་རམ་འབད་མི་ཚུ་འཐོན་པའི་ རེ་བ་བསྐྱེད་དོ་ཟེར་ བ་འཇོ་ཁྲོམ་སྡེའི་འཐུས་མི་ རིན་ཆེན་ནོར་བུ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྟོ་དྲང་མི་ཚུ་ ག་ར་འོང་རུང་ ཐབ་ཚངཔ་གི་ཐད་ཁར་ རྫོང་ཉམས་སྲུང་ལས་འགུལ་གྱི་ ལས་བྱེདཔ་ཚུ་གིས་འབད་དོ་ཡོདཔ་ད་ དྲང་བཞག་རྐྱབ་ནིའི་ལཱ་ཚུ་ ཁྲོམ་གྱི་ མི་ཚུ་གིས་འབད་དོ་ཟེར་ཨིན་པས།
བ་འཇོ་ཁྲོམ་ལས་ ཟླ་བ་ཚེ་རིང་གིས་འབད་བ་ཅིན་ ལཱ་དེ་ ལེགས་ཤོམ་སྦེ་ གཞི་བཙུགས་མ་ཚུགས་ཚུན་ ཁྲོམ་སྡེའི་ཧོངས་ལས་ གྲོགས་རམ་ཚུ་འབད་ནི་སྦེ་ ཁ་འཆམ་སྟེ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།
དབང་འདུས་ལས་ ཉི་མ་དབང་འདུས།
No comments:
Post a Comment