གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རྐྱེན་གྱི་རྒྱུ་རྐྱེན་ ད་ལྟོའི་བར་ན་ཡང་ ཤེས་མ་ཚུགས་པར་ཡོདཔ།

ནང་རྟེན་ཚུ་ ཉམས་སྐྱོན་ག་ནི་ཡང་མེད་པར་ ཉེན་སྐྱོབ་འབད་དེ་ གྲྭ་ཤག་ནང་ བཞུགས་སུ་གསོལ་ཡོདཔ།

དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་མིའི་ནང་ལས་ཐོབ་མི་ ནང་རྟེན་ཚུ་ལུ་ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཁྲུས་གསོལ་གནང་པའི་བསྒང་།
༢༦/༠༦/༢༠༡༢   ༉ འབྲུག་རྒྱལ་ཁབ་ཀྱི་ རྫོང་གཞིས་རྙིང་ཤོས་༣ པ་ དབང་འདུས་ཕོ་བྲང་རྫོང་དེ་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ མེ་རྐྱེན་གྱིས་ ཐལ་བར་བརླགས་བཏང་པའི་ མེ་རོ་ལྷག་ལུས་ཚུ་ ཁ་ཙ་ ཧ་ལམ་ རྩ་བ་ལས་ བསད་ཚར་ཡོདཔ་ཨིན་རུང་ དུ་པ་དུམ་གྲ་རེ་ཐོན་པའི་ མཐོང་གསལ་བྱུངམ་མས།
འབྲུག་གི་བསྟན་སྲུང་དམག་མི་དང་ བདེ་སྲུངཔ་ཚུ་གིས་ ནང་རྟེན་ཅིག་ རྫོང་གི་ཕྱི་ཁར་ གྲྭ་ཤག་གསརཔ་ནང་ ཞུ་སྐྱེལ་བའི་བསྒང་།


ཁ་ཙ་དྲོ་པའི་ཆུ་ཚོད་༤ དེ་ཅིག་ལས་འགོ་བཙུགས་ ཁྲིམས་སྲུང་འགག་པ་དང་ བསྟན་སྲུང་དམག་མི་ རྫོང་ཁག་གི་འགོ་དཔོན་ དེ་ལས་ བདེ་སྲུངཔ་ཚུ་གིས་ མཉམ་རུབ་ཐོག་ལས་ རྫོང་མེ་མཆོད་བཞེས་པའི་སྐབས་ ཉེན་སྐྱོབ་ཀྱི་དོན་ལུ་ རྫོང་གི་དབུ་རྩེའི་སྒོ་སྒྲིག་ནང་ལས་མར་ བཏོན་བཀོག་མི་ ནང་རྟེན་བཙུགས་སྒྲོམ་ཚུ་ རྒྱལ་བ་རིགས་ལྔའི་རྩང་ཚུ་ནང་ལས་བཏོན་ཏེ་ རྫོང་གི་ཕྱི་ཁར་ གྲྭ་ཤག་གསརཔ་ནང་ ཞུ་བའི་ཤུལ་ལུ་ རྫོང་གི་ནང་རྟེན་གཙོ་བོ་ ཞབས་དྲུང་ཁམས་གསུམ་ཟིལ་གནོན་དང་ ནང་རྟེན་བྱིན་ཅན་གཞན་ཚུ་ ལྕགས་སྒྲོམ་ཚུ་ནང་ལས་ ཕྱི་ཁར་བཏོན་ཐོག་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཁྲུས་གསོལ་གནང་ཡི།
དེ་ལས་ ཉིན་མ་ཁམས་ཅིག་ཁར་ མེ་བསད་མི་དང་ སྲོག་སྐྱབས་འབད་མི་ ལས་བྱེདཔ་ཚུ་གིས་ རྫོང་ནང་ན་ འཛུལ་ཚུགས་ཡོདཔ་ལས་ ལ་ལུ་ཅིག་གིས་ མེ་བསད་ཆུ་དུང་ཚུ་ ལག་ལེན་འཐབ་ཐོག་ལས་ མེ་དུམ་གྲ་རེ་འབར་ཏེ་ཡོད་མི་ཚུ་ བསད་ཡོདཔ་ཨིན།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ སླབ་མིའི་ནང་ ནང་རྟེན་བཙུགས་བཞག་སའི་ ཉེན་སྲུང་ཅན་གྱི་ ལྕགས་སྒྲོམ་༤ ད་རིས་ དབང་འདུས་ལུ་ ལྷོད་ནི་དང་ ད་རུང་ ལྕགས་སྒྲོམ་༢༠ དེ་ཅིག་ ལྷོད་ནི་ཨིནམ་ལས་ ཉེན་སྐྱོབ་འབད་མི་སྐུ་ཚུ་ གྱངས་ཁ་དང་འཁྲིལ་ ཐོ་བཀོད་འབད་ཐོག་ལས་ སྒྲོམ་ཚུ་ནང་ ལོག་བཙུགས་བཞག་དགོཔ་ཨིན་ཟེར་ཨིན་པས།
དབང་འདུས་ཕོ་བྲང་གི་ བླམ་གནས་བརྟན་ སྤེན་པ་ཚེ་རིང་གིས་ རྫོང་དེ་ མེ་གིས་ ཐལ་བར་བརླགས་བཏང་ཡོདཔ་ལས་ གྲྭ་ཚང་གི་ དུས་རྒྱུན་གྱི་ དུས་མཆོད་འབུམ་སྡེ་ཚུ་གནང་སའི་ ས་ཁོངས་ཡང་མེདཔ་ལས་ གྲྭ་ཤག་གི་སྦུག་ལུ་ཡོད་མི་ རྡོ་གཅལ་ནང་ འགོ་འདྲེན་འཐབ་ནི་ལུ་ གནང་བ་གནང་དགོཔ་སྦེ་ ཞུ་མི་དེ་ ད་རིས་ རྫོང་ཁག་འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་ནི་ཨིན་མིའི་ནང་ གྲོས་ཐག་བཅད་འོང་ཟེར་ ནང་སྲིད་བློན་པོ་གིས་སླབ་ཅི།
ད་རུང་ རྫོང་ཁག་བདག་སྐྱོང་ཡིག་ཚང་དེ་ གནས་སྐབས་ཅིག་གི་དོན་ལུ་ ཧེ་མའི་ རྫོང་གི་ སྣུམ་འཁོར་མར་ཁུ་བླུགས་སའི་ ས་ཁོངས་ནང་ ངོས་འཛིན་འབད་དེ་ཡོད་མི་དེ་ཡང་ ད་རིས་ གྲོས་ཐག་བཅད་ནི་ཨིན་པས།
བླམ་གནས་བརྟན་ སྤེན་པ་ཚེ་རིང་གིས་འབད་བ་ཅིན་ གལ་སྲིད་ མེ་རྐྱེན་བྱུང་པའི་སྐབས་ ཆུ་དང་ ལས་མི་ཚུ་ ལངམ་སྦེ་ར་ ཡོད་པ་ཅིན་ མེ་དེ་ བཀག་ཚུགས་ཚུགསཔ་འོང་ཟེར་ཨིནམ་ད་ མེ་མཆོད་བཞེས་མི་ རྫོང་དེ་ནང་ ལྷ་ཁང་༡༣ དེ་ཅིག་ཡོདཔ་་ཨིན་པས།
མེ་རྐྱེན་བྱུང་བའི་སྐབས་ རྫོང་ནང་ན་ འགོ་དང་པ་ལྷོད་མི་ བླམ་གནས་བརྟན་གྱིས་འབད་བ་ཅིན་ མེ་དེ་ རྫོང་གི་འཛུལ་སྒོའི་གཡོན་ཁ་ཐུག་ལུ་ཡོད་མི་ རྫོང་ཁག་བདག་སྐྱོང་ཡིག་ཚང་ལས་སྦེ་ ཟུན་པའི་ཤུལ་ལུ་ དུས་ཡུན་ཆུ་ཚོད་༡.༣༠ དེ་ཅིག་ནང་ འདུ་ཁང་དང་ ཀུན་ར་ཚུ་ནང་ ཁྱབ་སྤེལ་སོང་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ མེ་དེ་ རླུང་མ་འཕུ་སའི་ཕྱོགས་དང་འཁྲིལ་ འགོ་དང་པ་ ལྷོ་ཁ་ཐུག་ལས་ བྱང་ཁ་ཐུག་ལུ་ འབར་བའི་བར་ན་ རླུང་མའི་ཕྱོགས་དེ་ བྱང་ལས་ ལྷོ་ཁ་ཐུག་ལུ་ སྒྱུར་སོ་ནི་དེ་གིས་ དབུ་རྩེ་ཁ་ཐུག་ལུ་ འབར་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ས་གནས་ཀྱི་ མི་མང་ཤོས་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ མ་གཞི་ རྫོང་གཞིས་དེ་ལུ་ ཕངས་སི་སི་སྦེ་ མེ་རྐྱེན་ཤོར་ཡོད་རུང་ ནང་རྟེན་ཚུ་ ཉམས་སྐྱོན་མེད་པར་ ཉེན་སྐྱོབ་འབད་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།

ཨིན་རུང་ མེ་རྐྱེན་དེ་ ག་ཅི་ལས་བརྟེན་ བྱུང་ཡོདཔ་ཨིན་ན་ ད་ལྟོའི་བར་ན་ཡང་ གཏན་འཁེལ་སྦེ་ ཤེས་མ་ཚུགས་པར་ཡོད་རུང་ མང་ཤོས་ཅིག་གིས་ གློག་མེ་ལས་ བྱུང་ཡོད་པའི་ དོགས་པ་ཡོདཔ་ཨིན་པའི་གནས་ཚུལ།
དབང་འདུས་ལས་ ཉི་མ་དབང་འདུས།

No comments:

Post a Comment