གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཁའ་འགྲུལ་གྱི་ཞབས་ཏོག་ཚུ་ རྒྱ་བསྐྱེད་འབད་ནིའི་འཆར་གཞི།

༉ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ རྒྱལ་ཁབ་ནང་འཁོད་ལུ་ ཞབས་ཏོག་ཚུ་ རྒྱ་བསྐྱེད་འབད་དེ་ གཞི་བཙུགས་འབད་ནིའི་འཆར་གཞི་ རྐྱངམ་གཅིག་གིས་མ་ཚད་པར་ ཞབས་ཏོག་ལེན་ནི་ལུ་ དང་འདོད་བསྐྱེད་མི་ཚུ་གི་དོན་ལུ་ གླ་འཐུས་ཚུ་ཡང་ རན་ཏོག་ཏོ་བཟོ་ནི་གི་ འཆར་གཞི་ཚུ་ རྩམ་དོ་ཡོདཔ་ཨིན་པས།


འབྲུག་མཁའ་འགྲུལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྟ་མགྲིན་རྒྱ་མཚོ་གིས་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ གྲོས་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ སླབ་དོ་བཟུམ་འབད་བ་ཅིན་ བུ་ཊཱན་ ཨེ་ཡར་ལ་ཡེན་གྱིས་ གནམ་གྲུའི་འཕུར་འགྲུལ་མཚམས་འཇོག་འབད་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ ཤར་ནུབ་མཐུད་སྦྲེལ་ འཕྲོ་མཐུད་བཞག་ནིའི་ནང་ དཀའ་ངལ་སྦོམ་བྱུངམ་མས་ཟེར་སླབ་ཅི།
ཁོ་གིས་འབད་བ་ཅིན་ གནམ་སེར་ཁའི་དུས་ཚོད་ལུ་ འགྲུལ་པ་༡༠ དང་༡༡ རེ་དང་ དེ་མེན་ དུས་ཚོད་གཞན་ཚུ་ནང་ འགྲུལ་པ་༤ དང་༥ རེ་ འོང་དོ་ཡོདཔ་ལས་ ཞབས་ཏོག་ཡུན་བརྟན་ཐོག་ བཞག་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ འབྲུག་མཁའ་འགྲུལ་གྱིས་ བུ་ཊཱན་ ཨེ་ཡར་ལ་ཡེན་དང་ཕྱདཔ་ད་ གླ་ཆ་ཚུ་ མར་ཕབ་ཐོག་ བཏང་མི་ལུ་བརྟེན་ཏེ་ ཨིན་ཟེར་སླབ་ཅི།
ཁོ་གིས་ སླབ་མིའི་ནང་ འགྲུལ་པ་ རེ་རེ་ལས་བརྒལ་མེད་རུང་ ཞབས་ཏོག་ཚུ་ འཕྲོ་མཐུད་དེ་ར་ བཞག་དགོཔ་ད་ གནས་སྡུད་དང་འཁྲིལཝ་ད་ ཡོན་ཕུ་ལ་གནམ་ཐང་ལས་ བུམ་ཐང་གནམ་ཐང་ལུ་ འཕུར་འགྲུལ་འབད་མི་ ནང་འཁོད་ཀྱི་ འགྲུལ་པའི་གྱངས་ཁ་ཚུ་ ལེགས་ཤོམ་འདུག་ཟེར་ཨིན་པས།
དེ་དང་འཁྲིལ་ འཕུར་འགྲུལ་གྱི་གླ་ཆ་ཚུ་ འབྲུག་མི་ཚུ་གིས་ སྤྲོད་ཚུགསཔ་བཟོ་ནིའི་དོན་ལུ་ ཐབས་ལམ་ཚུ་ བཏོན་དོ་ཟེར་ཨིནམ་ད་ འབྲུག་མཁའ་འགྲུལ་གྱིས་ ནང་འཁོད་ཀྱི་ འཕུར་འགྲུལ་ཞབས་ཏོག་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ལས་ འགོ་བཙུགས་ཅི་ཟེར་ རྟ་མགྲིན་རྒྱ་མཚོ་གིས་ སླབ་ཨིན་པས།
འབྲུག་རྒྱུ་ནོར་གཞི་བཟུང་ལས་སྡེའི་ཁྲི་འཛིན་ བློན་པོ་བགྲེསཔ་ ཨོམ་པར་དཱན་གྱིས་འབད་བ་ཅིན་ བུ་ཊཱན་ ཨེ་ཡར་ལ་ཡེན་གྱིས་ ཞབས་ཏོག་བྱིན་ནི་ལུ་ དོ་འགྲན་འབད་དོ་བཟུམ་ཅིག་ མི་མཐོང་དོ་ཡོདཔ་ལས་ ནང་འཁོད་འཕུར་འགྲུལ་གྱི་ ཞབས་ཏོག་ཚུ་ ལོག་འགོ་བཙུགས་དགོཔ་མ་ཚད་ གནམ་གྲུ་ཐེབས་ཚུ་ཡང་བཙུགས་ཏེ་ རྒྱལ་སྤྱིའི་འཕུར་འགྲུལ་ ཞབས་ཏོག་ཚུ་ཡང་ འགོ་བཙུགས་དགོ་པའི་ སེམས་ཤུགས་བསྐྱེད་བཅུགཔ་ཨིན་ཟེར་སླབ་ཅི།
བུ་ཊཱན་ ཨེ་ཡར་ལ་ཡེན་དང་ གཞན་མི་མཁའ་འགྲུལ་ཚུ་ འགོ་བཙུགས་མི་ལུ་བརྟེན་ འབྲུག་མཁའ་འགྲུལ་གྱི་ དཀའ་ངལ་ཚུ་ མར་ཕབ་རྐྱབ་སྟེ་ཡོད་ཟེར་ ཁྲི་འཛིན་གྱིས་སླབ་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་འབད་བ་ཅིན་ ཞབས་ཏོག་ཚུ་ བྱིན་པའི་སྐབས་ལུ་ གླ་ཆའི་ཚད་གཞི་ཚུ་གི་སྐོར་ལས་ མནོ་བསམ་ལེགས་ཤོམ་སྦེ་ གཏང་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གླ་ཆ་ཚུ་ རྒྱལ་སྤྱིའི་ཞབས་ཏོག་ཚུ་དང་ཕྱདཔ་ད་ དམའ་སུ་སྦེ་ར་ འོང་དགོཔ་ཡོད་མི་དེ་ཡང་ སའི་ཆགས་ཚུལ་ལུ་བརྟེན་ ཡོན་ཕུ་ལ་དང་ བུམ་ཐང་གི་ གནམ་ཐང་ཚུ་ འབྲུག་མཁའ་འགྲུལ་གྱིས་ བརྒྱ་ཆ་༣༠ དང་༤༠ རེ་མ་གཏོགས་ ལག་ལེན་འཐབ་མ་ཚུགས་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་གྱིས་ བུ་ཊཱན་ ཨེ་ཡར་ལ་ཡེན་གནམ་གྲུ་ ཉོ་ནི་ལུ་ སྤྲོ་བ་ཡོད་མེད་ཀྱི་སྐོར་ལས་ དྲི་བའི་སྐབས་ལུ་ རྟ་འགྲིན་རྒྱ་མཚོ་གིས་ གནམ་གྲུ་དེ་ ཁོང་གི་ གདམ་ཁ་ནང་མེད་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment