གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་ཚད་ལོག་སྤྱོད་དང་ གཞུང་དངུལ་སྒེར་སྤྱོད་འབད་མི་ལུ་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ།

༉ བསམ་རྩེ་རྫོང་ཁག་གི་ ས་ཁྲམ་འགོ་དཔོན་ དར་མགོ་ཚེ་རིང་གིས་ ཁོ་ར་ ས་ཁྲམ་འགོ་དཔོན་སྦེ་ སྡོད་པའི་སྐབས་ལུ་ དབང་ཚད་ལོག་སྤྱོད་འབད་བའི་ཁར་ ཚུལ་མིན་ཐོག་ལས་ གཞུང་དངུལ་སྒེར་སྤྱོད་འབད་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་ཁྲི་༢ པ་ལས་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ཨིན་པས།


མཐོ་གཏུགས་པ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་རྩེ་ཁྲིམས་ཀྱི་འདུན་ས་ལས་གནང་མི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་ནི་དེ་གིས་ ཆེ་མཐོ་ཁྲིམས་འདུན་སར་ བཤེར་ཡིག་ཕུལ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༠༤ ལས་༢༠༠༦ ཚུན་ རྩོད་ཟླ་དར་མགོ་ཚེ་རིང་གིས་ གཞིས་ཆགས་ཀྱི་ ས་ཆ་འཇལ་མི་ཚུ་གི་ ཏི་རུ་སྤྲོད་ལེན་གྱི་ རྩིས་མཇུག་བསྡུ་སྟེ་ རྫོང་ཁག་རྩིས་ཁང་ལུ་ སྤྲོད་པའི་སྐབས་ མི་ཚོགས་མ་དེབ་ནང་ མི་ཐེབས་བཙུགས་ཏེ་ གཞུང་གི་མ་དངུལ་ ཡོངས་བསྡོམས་དངུལ་ཀྲམ་༥༥༢,༥༠༠ སྒེར་སྤྱོད་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ ཞུ་དོ་བཟུམ་འབད་བ་ཅིན་ དང་པ་ར་ གཞིས་ཆགས་ཀྱི་ལཱ་འགན་དེ་ ཉེས་འཛུགས་ཅན་གྱི་ འགན་འཁྲི་ཨིན་ན་མིན་ན་ ཁྲིམས་འདུན་གྱིས་ ཞིབ་དཔྱད་མཛད་ནི་ཨིནམ་ད་ གཉིས་པ་ གཞུང་དངུལ་ལོག་སྤྱོད་འབད་མི་ཚུ་ གཞུང་ལུ་ བཙུག་དགོཔ་མ་ཚད་ ལོ་༢ དང་ཟླཝ་༣ ཚུན་ ཞི་གཡོག་ནང་ལས་བཏོན་ཏེ་ བཞག་མི་དེ་ ཉེས་ཁྲིམས་ཀྱི་གྲངས་སུ་ མ་རྩིས་བར་བཞག་ཡོདཔ་ལས་ ཁྲིམས་འདུན་ལས་ ཉེས་ཁྲིམས་ཀྱི་གྲངས་སུ་ བརྩི་ནི་ཡོདཔ་ཅིག་ མཛད་གནང་ཟེར་ ཞུ་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་ཁྲི་༢ པ་ལས་ དབྱེ་ཞིབ་མཛད་པའི་སྐབས་ རྩོད་ཟླ་གིས་ ཤེས་བཞིན་དུ་ ལས་མི་ཐེབས་བཙུགས་ཏེ་ གཞུང་དངུལ་ལྐོག་ཟ་འབད་བའི་ སྒྲུབ་བྱེད་དེ་ཡང་ ས་འཇལ་མི་ བི་བི་ མོང་གར་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ངག་བརྗོད་ཕུལ་བའི་ནང་གསལ་ དར་མགོ་ཚེ་རིང་གིས་ མི་ཐེབས་བཙུགས་ཟེར་ སླབ་པའི་གནད་ལས་ རྩིས་བིལ་ཐེབས་བཙུགས་ཅི་ཟེར་ བཀོད་ཡོད་པའི་ཁར་ རྩིས་ཁྲ་ཚུ་ ས་འཇལ་མི་ བི་བི་ མོང་གར་གྱིས་བཀོད་ཐོག་ རྩོད་ཟླ་གིས་ རྫོང་ཁག་དངུལ་རྩིས་དང་ བདག་སྐྱོང་ལུ་བཙུགས་ཏེ་ ལྐོག་ཟ་ཐེངས་༡༤ འབད་ཡོདཔ་ཨིན་པས།
དེ་ལས་ དར་མགོ་ཚེ་རིང་གིས་ ཡིག་ཚང་གི་འགན་ཁྲི་དང་མ་འཁྲིལ་བར་ བྱ་སྤྱོད་ངན་པ་འཐབ་ཡོདཔ་ཨིནམ་ ངེས་བདེན་ཤེས་རྟོགས་བྱུང་ནི་དེ་གིས་ ཐོག་མའི་ ཁྲིམས་ཀྱི་འདུན་ས་ལས་གནང་མི་ འཁྲུན་ཆོད་དེ་ ཆ་ཤས་ཅིག་ བསྒྱུར་བཅོས་མཛད་དེ་ ཉེས་ཁྲིམས་བཙོན་མཇུག་ཚུན་གྱི་ ཁྲིམས་ཚད་སྟབས་ཅིག་སྦེ་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དར་མགོ་ཚེ་རིང་གིས་ དངུལ་ཀྲམ་༥༥༢,༥༠༠ སྒེར་སྤྱོད་འབད་མི་དེ་ ལོག་གཞུང་ལུ་ སོར་ཆུད་སྦེ་ འཁྲུན་ཆོད་གནང་བའི་ཉིནམ་ལས་རྩིས་ཏེ་ ཟླ་ངོ་༡ གི་ནང་འཁོད་ལུ་ ཕུལ་དགོ་པའི་འཁྲུན་ཆོད་ གནང་ཡོདཔ་ཨིན་པས།
ཨིན་རུང་ འཁྲུན་ཆོད་དེ་ལུ་ ག་གི་ཧོངས་ལས་འབད་རུང་ བསམ་པ་མ་རྫོགས་པ་ཅིན་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ མཐོ་གཏུགས་འབད་ཆོགཔ་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment