གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་ལག་ལེན་ནང་ ནོར་འཁྲུལ་གྱི་དཀའ་ངལ།

༉ ལོ་ཅིག་གི་ཧེ་མར་ རྒྱལ་ས་ལུ་ དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་ཨེ་ཊི་ཨེམ་ཅིག་གིས་ དངུལ་ཁང་གསུམ་གྱི་ དངུལ་བཏོན་འཕྲུལ་ཆས་ནང་ལས་ དངུལ་བཏོན་བཏུབ་པས་ཟེར་སླབ་པའི་སྐབས་ལུ་ ལས་འཛིན་ནང་ལཱ་འབད་མི་ ཉི་མ་དབང་འདུས་དེ་ སེམས་དགའ་ཡོདཔ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ བློ་ཕམ་གྱི་གཞི་ཅིག་ལུ་གྱུར་ཡོདཔ་ཨིན་པས།


དེ་ཡང་ ད་རེས་ཁམས་ཅིག་ཁར་ ཁོ་གིས་ སྤ་རོ་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ དངུལ་བཏོན་ ཨེ་ཊི་ཨེམ་འཕྲུལ་ཆས་ནང་ལས་ ཏི་རུ་ཚར་༢ བཏོན་པའི་སྐབས་ དངུལ་ཁང་གིས་ ཁོ་གི་རྩིས་ཁྲ་ནང་ལས་ ཏི་རུ་ཐེབས་ བཏོགས་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ འཕྲུལ་ཁང་དེ་ནང་ལས་ ཏི་རུ་བཏོན་པར་འགྱོ་བའི་སྐབས་ རྩིས་ཁྲའི་ནང་ ཏི་རུ་ལངམ་སྦེ་མིན་འདུག་ཟེར་བའི་ ཡིག་ཅུང་ཐོབ་མི་ལུ་བརྟེན་ དོགས་པ་ཆགས་ཏེ་ ཐིམ་ཕུ་ལུ་ ཁོ་རའི་རྩིས་ཁྲ་ཡོད་པའི་ འབྲུག་དངུལ་ཁང་ནང་སོང་སྟེ་ དབྱེ་ཞིབ་འབད་བའི་སྐབས་ ཁོ་གིས་ བཏོན་མི་དངུལ་བསྡོམས་ཚུ་ ཚར་༢ རེ་སྦེ་ བཏོགས་ད་ནུག་ཟེར་ཨིནམ་ད་ ཁོ་གིས་ འབྲི་ཤོག་ཕཱོམ་ཅིག་བཀང་ཐོག་ལས་ དངུལ་ཁང་ནང་ བཙུགས་ཡོདཔ་ཨིན་རུང་ བདུན་ཕྲག་༣ དེ་ཅིག་གི་རིང་ བསྒུག་དགོཔ་སྦེ་ སླབ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་གྱི་ཞབས་ཏོག་ཚུ་ ཡོད་མི་ལས་ མེདཔ་དགའ་བས་ཟེར་སླབ་མི་དེ་ཡང་ གལ་སྲིད་ མི་ཚུ་གིས་ རང་སོའི་རྩིས་ཁྲ་ནང་ཡོད་པའི་ ཏི་རུ་ལུ་བློ་གཏད་དེ་ ས་གནས་གཞན་ཁ་ལས་ཕར་ འགྱོ་བ་ཅིན་ ལག་ལེན་དེ་གིས་ ཉེན་ཁ་ཅན་ལུ་འགྱུར་ནི་མས་ཟེར་ཨིན་པས།
ཧེ་མ་འགོ་བཙུགས་པའི་སྐབས་ལུ་ དངུལ་ཁང་ཚུ་གིས་ ཞབས་ཏོག་མཐུན་རྐྱེན་ལེགས་ཤོམ་བྱིན་ནི་མས་ཟེར་ སེམས་དགའ་ཡོད་རུང་ ལག་ལེན་དངོས་ལྟར་ལུ་ལྷོད་པའི་བསྒང་ལས་ ཚོང་མགྲོན་པ་ཚུ་ལུ་ ལཱ་ཐེབས་ཅིག་ལས་བརྒལ་བའི་ ཁེ་ཕན་ཅིག་མེན་པས་ཟེར་ ཁོ་གིས་བཤདཔ་ཨིན་པས།
འདི་བཟུམ་གྱི་དཀའ་ངལ་དེ་ ཉི་མ་ལུ་རྐྱངམ་གཅིག་མེན་པ་ ཀུན་གསལ་གནས་ཚུལ་བསྡུ་ལེན་པ་གིས་ མཐུན་རྐྱེན་ལག་ལེན་འཐབ་མི་ཚུ་ལུ་ དྲིས་བཀོད་འབདཝ་ད་ མང་ཤོས་ཅིག་ལུ་ དཀའ་ངལ་ཚུ་བྱུང་ཡོད་པའི་སྐོར་ལས་སླབ་ཨིན་མས།
སྐྱེས་ལོ་༢༨ ལང་མི་ ཚེ་དབང་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གིས་ འབྲུག་དངུལ་ཁང་གི་ ཨེ་ཊི་ཨེམ་དེ་ འབག་སྟེ་ ག་ཏེ་འགྱོ་རུང་ དངུལ་ཁང་གཞན་མི་གི་ འཕྲུལ་ཆས་ཚུ་ནང་ ལཱ་འབད་མི་བཏུབ་པས་ཟེར་ཨིན་པས།
ཞི་གཡོག་ནང་ལཱ་འབད་མི་ ཤེས་རབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ སྤ་རོ་ལས་ འཕྲུལ་ཆས་དེ་ལག་ལེན་འཐབ་པའི་སྐབས་སུ་ ཁོ་གི་ རྩིས་ཁྲ་ནང་ དངུལ་མིན་འདུག་ཟེར་ཐོན་ཡོདཔ་ལས་ དེ་གི་ནངས་པ་ ཐིམ་ཕུ་ འབྲུག་དངུལ་ཁང་ནང་ དྲིས་ཞིབ་འབདཝ་ད་ ཁོ་གི་རྩིས་ཁྲ་ནང་ལས་ ཏི་རུ་༢༠༠༠ ས་གནས་ཕུན་ཚོགས་གླིང་གི་ འཕྲུལ་ཆས་ནང་ལས་བཏོན་ཡོད་པའི་ གསལ་སྟོན་འབད་མི་གིས་ ཁོ་རྣམ་རྟོག་ར་ལང་དགོཔ་བྱུང་ཡི་ཟེར་ཨིན་པས།
དངུལ་ཁང་གི་ འགོ་དཔོན་ལ་ལུ་ཅིག་གིས་འབད་བ་ཅིན་ དངུལ་ཁང་ག་ར་གི་ རྩིས་ཁྲ་དེ་ དངུལ་ཁང་ལྟེ་བ་ནང་ཡོདཔ་ལས་ དཀའ་ངལ་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ནང་ལས་ ཨིན་པས་ཟེར་བཤདཔ་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ སྐྱིན་འགྲུལ་སྤྱི་ཁྱབ་ རྟ་མགྲིན་འབྲུག་པ་གིས་འབད་བ་ཅིན་ དངུལ་བཏོན་འཕྲུལ་ཆས་ཀྱི་ དཀའ་ངལ་ཐོན་པའི་སྐོར་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ནང་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ དེ་གི་དོན་ལུ་ ད་ལྟོ་ལཱ་འབད་དོ་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ བྱ་སྟབས་མ་བདེཝ་བྱུང་མི་དེ་ དངུལ་ཁང་ཚུ་ནང་ལས་ དངུལ་སྤྲོད་ལེན་མང་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ཁང་དབང་འཛིན་གྱི་ བརྡ་དོན་འཕྲུལ་རིག་འགོ་དཔོན་གོངམ་ ཤེས་རབ་ཀྱིས་འབད་བ་ཅིན་ གློག་རིག་ནང་གི་ གནས་སྡུད་ཡར་སེང་འགྱོ་བའི་བསྒང་ལས་ ཧེ་མ་ལས་ཡོད་མི་ ཐོ་བཀོད་འཚོལ་ནིའི་དོན་ལུ་ དུས་ཚོད་ལེ་ཤ་འགོརཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ དངུལ་ཁང་གི་ དངུལ་སྤྲོད་ལེན་གྱི་གྱངས་ཁ་དེ་ ཉིནམ་རེ་ནང་༢,༠༠༠ ལས་༢,༥༠༠ འི་བར་ན་འོང་དོ་ཡོདཔ་ད་ ཚོང་མགྲོན་པ་ཚུ་གི་ རྩིས་ཁྲ་ནང་ལས་ དངུལ་ཚར་གཉིས་རེ་བཏོན་འབག་སོང་རུང་ དེ་ལུ་ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
སྤྱིར་བཏང་དངུལ་སྤྲོད་ལེན་གྱི་ སྙན་ཞུ་ཚུ་ ག་ར་གློག་རིག་གི་ གནས་སྡུད་ནང་ ཚུད་དེ་སྡོད་ནི་ཨིནམ་ལས་ དེ་ཁ་ལས་ དོགས་བསལ་འབད་ཚུགས་ཟེར་ཨིན་པས།
ད་ལས་ཕར་དེ་བཟུམ་མའི་དཀའ་ངལ་མི་འབྱུང་ནིའི་དོན་ལུ་ སྤྱི་ཟླ་༦ པའི་ཚེས་༥ ལས་ གློག་རིག་གི་ གནས་སྡུད་ཤོང་ཚད་དེ་ ཡར་སེང་འབད་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment