གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེ་གིས་ རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་གུ་ གྲོས་བསྡུར་གནང་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ རྒྱལ་ཡོངས་ཚོགས་འདུའི་རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་གུ་འཕྲི་སྣོན་སྐོར་ལས་ གསུང་གྲོས་གནང་པའི་སྐབས་ ལེའུ་༣ པའི་ དོན་ཚན་༣༣ པ་ནང་ རྐྱེན་ངན་འཛིན་སྐྱོང་ཡན་ལག་ཚོགས་ཆུང་གི་འཐུས་མི་སྦེ་ དྲུང་པ་མ་དགོ་པར་ རྒེད་འོག་དང་ ཁྲོམ་སྡེ་ལས་ འཐུས་མི་ཡོད་པ་ཅིན་ བཏུབ་པས་ཟེར་རྒྱལ་ཡོངས་ཚོགས་སྡེའི་ ཁྲིམས་བཟོ་ཚོགས་ཆུང་གིས་བཟོ་ཡོད་རུང་ དེ་ལུ་འཐུས་མི་ལ་ལུ་ཅིག་ སེམས་དང་མ་ལྡནམ་ཨིན།


དེ་ཡང་ ཐིམ་ཕུ་རྫོང་ཁག་འཐུས་མི་ སངས་རྒྱས་བཟངམོ་གིས་འབད་བ་ཅིན་ རྫོང་ཁག་ནང་ རྐྱེན་ངན་འབྱུང་བའི་སྐབས་ མི་སྡེ་ལུ་ ཕན་བདེ་དང་ གྲོགས་རམ་ཚུ་ཡང་ དྲུང་ཁག་ དྲུང་པ་གིས་ སྐྱིད་སྡུག་ལེགས་ཤོམ་སྦེ་ བལྟ་ཚུགས་པའི་ཁར་ གལ་སྲིད་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་ནང་ དྲུང་པ་དེ་འཐུས་མི་སྦེ་ མ་ཚུདཔ་འདྲཝ་ཅིག་འབད་བ་ཅིན་ བྱ་སྟབས་མ་བདེ་བའི་ དཀའ་ངལ་སྦོམ་ འབྱུང་འོང་ཟེར་ཞུ་ཡི།
ཆུ་ཁ་རྫོང་ཁག་གི་འཐུས་མི་ ཚེ་དབང་ལྷམོ་གིས་འབད་རུང་ རྫོང་ཁག་ནང་ དཀའ་ངལ་ཚུ་ འབྱུང་བའི་སྐབས་ རྒེད་འོག་གི་ས་གནས་ཚུ་ནང་ ཉིན་གྲངས་ལས་བཅད་དེ་ འགྱོ་དགོཔ་ཐོནམ་ད་ རྫོང་བདག་གིས་ ལྷོད་མ་ཚུགས་པའི་ དཀའ་ངལ་འཐོན་དོ་ཡོདཔ་ལས་ ད་ལྟོ་ས་གནས་མང་ཤོས་ཅིག་ནང་ར་ དྲུང་པ་གིས་ འགན་ཁུར་འབག་སྟེ་ ཞིབ་དཔྱད་འབད་མི་གིས་ མི་སྡེ་ལུ་ ཕན་སྦོམ་ཐོགས་ཚུགས་དོ་ཡོདཔ་ལས་ དོན་ཚན་དེ་ནང་ཚུད་དགོཔ་སྦེ་ རྒྱབ་སྐྱོར་ཞུ་ཡི།
ཨིན་རུང་ ཧཱ་རྫོང་ཁག་ལས་  ཁྲིམས་བཟོའི་ཚོགས་ཆུང་འཐུས་མི་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ནང་ཡང་ དྲུང་ཁག་དེ་ ཚུད་དེ་མེད་པའི་ཁར་ རྐྱེན་ངན་ག་ཅི་ར་བྱུང་རུང་ ཁྲོམ་སྡེ་དང་ རྒེད་འོག་བརྒྱུད་དེ་ དགོས་མཁོ་ལྡན་པའི་མཐུན་རྐྱེན་ཚུ་ འཐོབ་ཚུགས་པའི་ འོས་འབབ་ཡོད་ནི་དེ་གིས་ ཨིན་ཟེར་ཞུ་ཡི།
ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ རྫོང་ཁག་ཡན་ལག་ཚོགས་ཆུང་གི་ འཐུས་མི་གི་དོན་ལུ་ དྲུང་ཁག་དེ་བཙུག་རུང་ མ་འཐུསཔ་མེདཔ་ལས་ ཟིན་བྲིས་ནང་ ག་ཡོད་མི་དེ་ རང་འཇགས་བཞག་ནི་ཟེར་ ཆ་འཇོག་གྲུབ་ཡོདཔ་ཨིན།
གཞན་ཡང་ རེས་གཟའ་མིག་དམར་ལུ་ ནང་སྲིད་དང་སྲོལ་འཛིན་བློན་པོ་ མི་འགྱུར་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ རྒྱལ་ཁབ་ནང་ ངེས་པར་དུ་ དགོས་མཁོ་ཆེ་བའི་ རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་ བརྩམས་དགོ་པའི་དམིགས་ཡུལ་དང་ རྒྱབ་ཁུངས་ཚུ་གི་སྐོར་ ཚོགས་ཁང་ནང་ གསལ་ཞུ་ཕུལ་ཡི།
རྒྱལ་ཁབ་ནང་ ཧེ་མ་བྱུང་མ་མྱོང་བའི་ མི་སེར་གྱི་ཚེ་སྲོག་དང་ རྒྱུ་ནོར་ལུ་ རྐྱེན་ངན་འཚབས་ཆེན་ཚུ་ཐོན་ཡོདཔ་ལས་ མི་སྡེའི་ནང་ འབྱུང་བ་བཞི་ལུ་བརྟེན་པའི་ རྐྱེན་ངན་ཚུ་བྱུང་བའི་སྐབས་ གཞུང་གིས་ དེ་འཕྲོ་ལས་ རྒྱབ་སྐྱོར་འབད་མ་ཚུགས་པའི་ ཉམས་མྱོང་དང་འཁྲིལ་ མི་སྡེའི་ཞབས་ཏོག་དང་ སྲུང་སྐྱོབ་ དེ་ལས་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ཚུགས་ཐབས་ལུ་ སྲིད་བྱུས་དང་འཁྲིལ་ དཔྱད་ཡིག་དེ་ བརྩམས་གནང་ཡི་ཟེར་ཞུ་ཡི།
དེ་ཡང་ སྤྱི་ལོ་༢༠༠༩ ཟླ་༩ པའི་ཚེས་༢༡ གི་ ཕྱི་རུའི་ཆུ་ཚོད་༢ དང་སྐར་མ་༥༣ ལུ་ ཤར་ཕྱོགས་རྫོང་ཁག་༦ ནང་ རང་བཞིན་གྱི་རྐྱེན་ངན་ ས་ཡོམ་རྐྱབ་ཡོད་མི་གིས་ མོང་སྒར་རྫོང་ཁག་ནང་ མི་གི་ཚེ་སྲོག་དང་ རྒྱུ་ནོར་ལུ་ རྐྱེན་ངན་སྦོམ་ར་བྱུང་ཡོདཔ་ལས་ རྫོང་ཁག་༣ ནང་ མི་༡༢ ལུ་ཤི་རྐྱེན་དང་ མི་གྲངས་༤༧ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ སློབ་གྲྭ་དང་ སྤེལ་ཁང་༩༡ དང་ སྨན་ཁང་ཆུང་བ་༢༥ སྨན་ཁང་ཆེ་བ་༣ གཞུང་གི་ཡིག་ཚང་༥༠ དེ་ལས་ ལྷ་ཁང་དང་ དགོན་སྡེ་ མཆོད་རྟེན་ཚུ་ མེདཔ་བཏང་ཡོད་པའི་སྐོར་ལས་གསལ་ཞུ་ཕུལ་ཡི།
དེ་དང་འདྲཝ་སྦེ་ ཁྱིམ་གུང་༤,༦༡༤ མེདཔ་བཏང་ཡོད་པའི་གྲས་ལས་ ཁྱིམ་གུང་༤༤༦ ཉམས་བཅོས་ཆུང་ཀུ་རེ་དང་ ཉམས་བཅོས་སྦོམ་འབད་དགོ་མི་༡༠༡༢ ཐོན་ཡོདཔ་བཞིན་དུ་ རྐྱེན་ངན་དེ་ལུ་བརྟེན་ གཞུང་ལུ་ གྱོང་རྒུད་མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༢༥༠༡ དེ་ཅིག་གནས་པའི་ ཚོད་རྩིས་ཡོད་ཟེར་ཞུ་ཡི། 
སྤྱི་ལོ་༢༠༠༩ ཟླ་༥ པའི་ཚེས་༢༥ དང་༢༦ ལུ་ ཆར་ཤུགས་ལུ་བརྟེན་ རྫོང་ཁག་༡༧ གྱི་ སྣུམ་འཁོར་ལམ་དང་ ཟམ་ ཚོང་གི་ས་གནས་ མི་སྡེའི་དགོས་མཁོ་ཆེ་བའི་ཅ་ཆས་ འཐུང་ཆུ་ སྒོ་ནོར་སེམས་ཅན་ སོ་ནམ་ཐོན་སྐྱེད་ སློབ་གྲྭ་ སྨན་ཁང་ གཞུང་གི་ཁྱིམ་ དེ་ལས་ གློག་མེ་ལས་འགུལ་ཚུ་ མེདཔ་བཏང་ཡོད་མི་གིས་ གཞུང་གིས་ མ་དངུལ་ དངུལ་ཀྲམ་ས་ཡ་༧༡༩,༡༡༡,༣༢༧ དེ་ཅིག་ ཟད་འགྲོ་བཏང་དགོཔ་ བྱུང་ཡི་ཟེར་ ཞུ་ཡི།
སྤྱི་ལོ་༢༠༡༠ དང་༢༠༡༡ ནང་ བུམ་ཐང་རྫོང་ཁག་ ལྕམ་མཁར་ཁྲོམ་སྡེ་ནང་ མེ་རྐྱེན་ཚར་༣ བྱུང་ཡོད་མི་ལུ་བརྟེན་ གཞུང་གིས་ ཉམས་རྒུདཔ་ཚུ་གི་ ཁྱིམ་ལོག་རྐྱབ་ནི་དང་ རྒྱབ་སྐྱོར་གཞན་གང་དྲག་མཛད་པའི་སྐབས་ རྒྱལ་ཡོངས་སྤྱི་ཚོགས་གོང་འཕེལ་མ་དངུལ་ལས་ ཟད་འགྲོ་མ་དངུལ་༣༦,༠༠,༠༠༠ དང་ གཞུང་ལས་ དངུལ་ཀྲམ་ ༢༨,༨༢,༥༣༦.༦༠ ཟད་འགྲོ་བཏང་ཡི་ཟེར་ གསལ་བཤད་ཕུལ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment