གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩེད་རིགས་མཉམ་སྒྲིག་ལས་འགུལ་གྱིས་ ཕན་ཐོགས་བྱུང་ཡོདཔ།

རྩེད་རིགས་མཉམ་སྒྲིག་ལས་འགུལ་སློབ་སྟོན་པ་ ཧཱེན་ཊི་ལྗོངས་དང་མཱག་གིས་གསལ་བཤད་འབད་བའི་བསྒང་།
༉ ཐིམ་ཕུ་ལྕང་ཇི་ཇི་ན་གཞོན་གོང་འཕེལ་ཡིག་ཚང་ནང་སྦེ་ འགོ་འདྲེན་འཐབ་ཡོད་མི་ ལོ་ཕྱེད་དང་གསུམ་གྱི་ རྩེད་རིགས་མཉམ་སྒྲིག་ལས་འགུལ་ལུ་བརྟེན་ ན་གཞོན་༢༥ གིས་ གཞུང་མིན་ཚོགས་པ་དང་ ལས་སྡེ་ ལས་འཛིན་ དེ་ལས་ སྒེར་སྡེ་ཚུ་ནང་ ལཱ་གཡོག་ཚུ་ཐོབ་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༠༩ ལུ་ འབྲུག་དང་ ནི་དར་ལཱེནསི་ གོང་འཕེལ་དང་ ཕན་བདེ་ལས་འཛིན་གཉིས་ མཉམ་རུབ་ཐོག་ལས་ ན་གཞོན་ཚུ་ལུ་ རྩེད་རིགས་དང་ ལས་རིམ་སྣ་ཚོགས་ཀྱི་ ལམ་སྟོན་དང་ རྒྱབ་སྐྱོར་ དེ་ལས་ སྦྱོང་བརྡར་ཚུ་བྱིན་ཏེ་ ཡར་དྲགས་བཟོ་ནིའི་དམིགས་ཡུལ་དང་འཁྲིལ་ཨིན་པས།
ལས་འགུལ་གྱི་ དམིགས་དོན་ལྟར་ ལོ་ཕྱེད་དང་གསུམ ནང་ ན་གཞོན་སློབ་རིམ་༦ པ་དང་༨ པ་༡༠ པ་ དེ་ལས་༡༢ པ་ལས མཐར་འཁྱོལ་མི་གིས་མ་ཚད་ གྲོང་གསེབ་ལས་ཕར་ སྡོད་མི་ན་གཞོན་ཚུ་ ཁྲོམ་སྡེ་ནང་འོང་ཞིནམ་ལས་ ལཱ་གཡོག་མེད་པར་ སྤྱང་འཁྱམས་ཏེ་ ཆང་དང་སྨྱོ་རྫས་ལག་ལེན་འཐབ་མི་ ཆ་རོགས་ངན་པ་ཚུ་དང་ཁ་བསྡོམས་ཏེ་ འཐབ་འཛིང་འབད་མི་ ཨར་རྐུན་དང་འབྲེལ་བའི་ མི་སྡེའི་ནང་ དཀའ་ངལ་བྱིན་སྡོད་མི་ན་གཞོན་༦༢ ལུ་ ནི་དར་ལཱེནསི་ལས་ མཁས་མཆོག་དང་ འབྲུག་པའི་འགོ་དཔོན་ཚུ་གིས་ སློབ་སྟོན་དང་ ལམ་སྟོན་འབད་དེ་ ལེགས་བཅོས་བཟོ་ཡོདཔ་ཨིན་པས།
ན་གཞོན་གོང་འཕེལ་མ་དངུལ་ལས་ རྩེད་རིགས་གྲོས་སྟོན་པ་ཀརྨ་ལྷམ་ རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་གཉིས་ཀྱིས་ མཐུན་འབྲེལ་ཐོག་ལས་ ལས་འགུལ་བཟོ་དགོ་མི་དེ་ཡང་ གྲོང་གསེབ་ལས་འོང་མི་ ཕམ་ཉམ་ཆུང་གི་ ན་གཞོན་ཚུ་ ཁྲོམ་སྡེ་ནང་ ལཱ་གཡོག་འཚོལ་བར་འོངམ་ད་ སྡོད་ས་མེདཔ་མ་ཚད་ ལམ་སྟོན་དང་ རྒྱབ་སྐྱོར་འབད་མི་མེད་ ཁོང་གི་རེ་བ་དེ་ གྲུབ་མ་ཚུགས་པའི་བསྒང་ལས་ བྱ་ངན་འབད་ནི་འགོ་བཙུགསཔ་མས་ཟེར་ཨིན་པས།
དཀའ་ངལ་དེ་བཟུམ་ འབྱུང་མི་བཅུག་ནི་དང་ དཀའ་ངལ་བྱུང་ཡོད་མི་ཚུ་ ལམ་སྟོན་དང་སློབ་སྟོན་ གྲོགས་རམ་འབད་ནིའི་དོན་ལུ་ ལས་འགུལ་དེ་ མཐུན་འབྲེལ་གྱི་ཐོག་ལས་ ལས་འགུལ་གཞི་བཙུགས་འབད་ཞིནམ་ལས་ ན་གཞོན་ཚུ་ལུ་ གྲོགས་རམ་འབད་ཡོདཔ་ད་ ལས་འགུལ་གྱི་དུས་ཡུན་ཚང་དོ་ཡོདཔ་ལས་ འཕྲོ་མཐུད་དེ་ར་ན་གཞོན་ཚུ་ལུ་ ཆ་རོགས་འབད་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
ནི་དར་ལཱནསི་ གོང་འཕེལ་དང་ཕན་བདེ་ལས་འཛིན་ལས་ སློབ་སྟོན་པ་ ཧཱེན་ཌི་ལྗོངས་ཀྱིས་འབད་བ་ཅིན་ ལས་འགུལ་གྱི་དམིགས་དོན་གཙོ་བོ་ར་ ན་གཞོན་ཚུ་གི་ རེ་འདོད་འགྲུབ་ནི་དེ་ཨིནམ་ལས་ སློབ་སྟོན་འབད་མི་ཚུ་གིས་ ག་དེ་དྲག་དྲག་ཆ་རོགས་དང་ རྒྱབ་སྐྱོར་ཚུ་འབད་དགོཔ་གལ་ཆེ་་ཟེར་ ཨིན་པས།
ལས་འགུལ་ལུ་བརྟེན་ མི་སྡེའི་དཀའ་ངལ་དང་ མ་འོངས་ན་གཞོན་གྱི་དཀའ་ངལ་ཚུ་ ཧ་གོ་ཞིནམ་ལས་ བྱ་སྤྱོད་ངན་པ་སྤང་སྟེ་ ལཱ་གཡོག་གི་གོ་སྐབས་ལེ་ཤ་ ཐོབ་ཚུགས་དོ་ཡོདཔ་ལས་ མ་འོངས་པར་ ལཱ་འབད་ནིའི་རེ་བ་ཡོད་ཟེར་བཤདཔ་ཨིན་པས།
ལོ་ཕྱེད་དང་གསུམ་གྱི་ ལས་འགུལ་དེ་  ནི་དར་ལཱེནསི་ ཌཱཆ་ ལྷན་ཁག་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོད་མི་དེ་ རེས་གཟའ་མིག་དམར་ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment