གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ཟུར་ཕོགས་དགོ་པའི་ཞུ་བ།

༡༨/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ རྒྱལ་ཡོངས་ཚོགས་ཁང་ནང་ མོང་སྒར་སྐྱེངས་མཁར་དང་ ཝེ་རིང་ལའི་ འདེམས་ཁོངས་འཐུས་མི་ བསོད་ནམས་དཔལ་འབྱོར་གྱིས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ཡང་ ཟུར་ཕོགས་ཀྱི་ ཐོབ་ཁུངས་འདུག་ཟེར་ཨིནམ་ད་ མ་གཞི་ རྒྱལ་ཡོངས་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ ལམ་ལུགས་དང་འཁྲིལཝ་ད་ ལཱ་གཡོག་ནང་ གནས་ཡུན་ཉུང་ཤོས་ལོ་༡༠ དགོཔ་སྦེ་ བཀོད་ཡོདཔ་ལས་ འཐུས་མི་ཚུ་ལུ་ ལམ་ལུགས་དང་འཁྲིལཝ་ད་ འཐོབ་ནིའི་འོས་ཁུངས་མེད་ནི་དེ་གིས་ ཐོབ་ལམ་མེདཔ་ལས་ དེ་གི་དོན་ལུ་ ཐབས་ལམ་ཅིག་ ཚོགས་ཁང་གིས་བཏོན་གནང་པ་ཅིན་ འཕྲལ་ལུ་ཕན་ཐོགས་མ་བྱུང་རུང་ ཕུགས་ཀྱི་དོན་ལུ་ དགོས་དོན་སྦོམ་འདུག་ཟེར་ཞུ་ཡི།


ཁོ་གི་རྒྱབ་སྐྱོར་ལུ་ ལྷུན་རྩེ་སྒང་ཟུར་དང་ སྨིན་རྗེའི་འཐུས་མི་ ཀརྨ་རང་གྲོལ་གྱིས་ཡང་ ཟུར་ཕོགས་ཀྱི་འཐུས་མི་སྦེ་ འཛུལ་དགོ་པ་ཅིན་ ཉུང་ཤོས་ལོ་༡༠ དགོ་ནི་དེ་གིས་ འཐུས་མི་ཚུ་ དེ་ནང་ཚུད་ཐབས་མེདཔ་ལས་ ཕྱིའི་རྒྱལ་ཁབ་ཚུ་ལུ་ དཔེ་ལྟ་སྟེ་ ལམ་ལུགས་ཅིག་བཟོ་བ་ཅིན་ མ་འོངས་པ་ལུ་ ཉམས་མྱོང་ཅན་དང་ ལྕོགས་གྲུབ་ཅན་གྱི་ སྲིད་ཚོགས་ཀྱི་འཐུས་མི་སྦེ་ འཛུལ་ནི་ལུ་ དང་འདོད་བསྐྱེད་འོང་ཟེར་ཞུ་ཡི།
བསྟན་རྒྱས་བློན་པོ་གིས་ ཟུར་ཕོགས་རྐྱངམ་གཅིག་མེན་པར་ དཔེར་ན་ མཱལ་དེབསི་ལུ་འབད་བ་ཅིན་ ལོ་བསྟར་འཆར་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༥ དེ་ཅིག་ སྤྱི་ཚོགས་ཀྱི་དོན་ལུ་ སོ་སོ་བཞག་སྟེ་ཡོདཔ་ལས་ ང་བཅས་ཀྱི་རྒྱལ་ཁབ་ནང་ཡང་ གཞུང་གིས་ ཟླ་རིམ་གྱི་ཐོབ་ཐངས་དང་ ཟུར་ཕོགས་ཐོབ་ཐངས་ཀྱི་ ལམ་ལུགས་ཅིག་བཟོ་ཚུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཞུ་ཡི།
སྤུ་ན་ཁའི་འཐུས་མི་ ཚེ་རིང་དཔལ་འབྱོར་གྱིས་ ད་རེས་ ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ ཟུར་ཕོགས་ཐོབ་པའི་ འོས་འབབ་མེད་པའི་སྐོར་ལས་ གནས་ཁུངས་དང་བཅསཔ་སྦེ་ བཀོད་ཡོད་ནི་དེ་གིས་ ཁྲིམས་དང་ལམ་ལུགས་ སྲིད་བྱུས་ཚུ་ནང་ སྟབས་མ་བདེཝ་ཡོད་པ་ཅིན་ དེ་ཚུ་ གཞུང་གི་ཁ་ཐུག་ལས་བསལ་དགོཔ་ད་ བཅའ་ཁྲིམས་ལུ་བརྟེན་ སྟབས་མ་བདེཝ་ཡོད་མི་ཚུ་ཡང་ ཚོགས་ཁང་ནང་ལས་ བསྒྱུར་བཅོས་གནང་དགོཔ་འདུག་ཟེར་ཞུ་ཡི།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ སྤྱི་ཚོགས་ཀྱི་ ཐོབ་ལམ་ཐད་ལུ་ལྷོདཔ་ད་ རྒྱལ་ཁབ་གཞན་གྱི་ཐོབ་ཐངས་ཚུ་ཡོད་དོ་བཟུམ་སྦེ་ སྤྱི་ཚོགས་ཀྱི་ཐོབ་ལམ་བཅའ་ཁྲིམས་ནང་ མ་ཚུདཔ་བཟུམ་ཅིག་ཡོདཔ་ལས་ ད་རེས་ ཚོགས་སྡེ་ལས་ བཅའ་ཁྲིམས་འཕྲི་སྣོན་གྱི་དོན་ལུ་ སྙན་ཞུ་ཡང་ལྷོད་ཡོདཔ་ལས་ བཅའ་ཁྲིམས་འཕྲི་སྣོན་གྱི་ གསུང་གྲོས་གནང་པ་ཅིན་ དེ་ནང་ ཚུད་དགོཔ་ད་ སྤྱི་ཚོགས་ཟུར་ཕོགས་ཀྱི་ཐད་ལུ་འབད་བ་ཅིན་ དང་པ་ སྤྱི་ཚོགས་ཀྱི་ ཐོབ་ལམ་ཚོགས་ཆུང་གིས་ གསུང་གྲོས་གནང་ཞིནམ་ལས་ གཞུང་དང་གཅིག་ཁར་ གསུང་གྲོས་གནང་སྟེ་ སྤྱི་ཚོགས་ཀྱི་ ཐོབ་ཐངས་བཅའ་ཁྲིམས་ འཕྲི་སྣོན་ནང་བཙུག་དགོཔ་སྦེ་ ཐག་བཅད་གནང་ཡི།
དེ་འབདཝ་ད་ རྒྱལ་ཡོངས་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ གྲུབ་ཐོབ་དབང་ཕྱུག་གིས་ སླབ་མིའི་ནང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ ད་ལྟོ་ཡོད་པའི་ ཟུར་ཕོགས་ཀྱི་ལམ་ལུགས་ནང་ མ་ཚུད་ནི་དེ་གིས་ ང་བཅས་ཀྱིས་ ངོས་ལེན་མ་འབད་ཟེར་ཨིནམ་ད་ ཟུར་ཕོགས་ཀྱི་དོན་ལུ་ ལོ་ཚད་༡༠ བཟོ་དགོ་མི་དེ་ཡང་ ཟུར་ཕོགས་ཀྱི་འཐུས་མི་ཚུ་གི་ ཁེ་ཕན་དང་ ལས་སྡེ་ཡུན་བརྟན་གྱི་དོན་ལུ་ བཟོ་བཟོཝ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཟུར་ཕོགས་དེ་ འཐུས་མི་ཚུའི་གནས་ཡུན་གྱི་དོན་ལུ་མེན་པར་ ཞི་གཡོགཔ་ཚུ་གི་ ལོ་གྲངས་༥༦ ཚངམ་ད་ སྤྲོད་ནིའི་ལམ་ལུགས་ཅིག་ཨིན་ཟེར་ཨིན་པས།
རྒྱལ་སྤྱིའི་ལམ་ལུགས་དང་འཁྲིལཝ་ད་ སྤྱི་ཚོགས་ཀྱི་འཐུས་མི་ཚུའི་དོན་ལུ་ ལས་སྡེ་གི་འོག་ལུ་ ལམ་ལུགས་གསརཔ་ཅིག་ བཟོ་དགོ་པའི་ཁར་ ཡང་ཅིན་ གཞུང་གིས་ འཐུས་མི་ཚུའི་དོན་ལུ་ སོ་སོར་སྦེ་ བཙུག་དགོ་ཟེར་ གྲུབ་ཐོབ་དབང་ཕྱུག་གིས་ བཤདཔ་ཨིན་པས།
དེ་མ་ཚད་ ད་ལྟོ་ བློན་པོ་མང་ཤོས་ཅིག་གིས་ ཟུར་ཕོགས་ཀྱི་ ཁེ་ཕན་ལེན་པའི་བསྒང་ཨིན་མི་དེ་ཡང་ ཁོང་གིས་ ཞི་གཡོག་ནང་ ཉུང་ཤོས་ ལོ་ཚད་༡༠ གྱི་ཞབས་ཏོག་ཞུ་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
གྲུབ་ཐོབ་དབང་ཕྱུག་གིས་སླབ་མི་དང་འཁྲིལཝ་ད་ ད་ལྟོ་ཚུན་ ལས་སྡེ་ནང་ ཟུར་ཕོགས་བཏོགས་མིའི་འཐུས་མི་༤༨,༢༥༦ ཡོད་ས་ལས་༣,༢༤༣ ལུ་ ཟླ་རིམ་ཟུར་ཕོགས་ བྱིན་དོ་ཡོད་པའི་ཡོངས་བསྡོམས་དེ་ དངུལ་ཀྲམ་ས་ཡ་༡༡ ལུ་ ལྷོད་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment