གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕྲོག་བཅོམ་འབད་མི་ ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ།

༡༥/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༡༠ གྱི་ དྲོ་པའི་ཆུ་ཚོད་༣ དང་སྐར་མ་༤༥ དེ་ཅིག་ཁར་ ཐིམ་ཕུ་ ཨ་མཱན་ཀོ་ར་སྐྱིད་གནས་ཁང་ནང་ལས་ དངུལ་ཀྲམ་༡༣༤,༨༦༩ དེ་ཅིག་གནས་པའི་ ཡུ་ཨེསི་ཌོ་ལར་དང་ ཡུ་རོ་ དངུལ་ཀྲམ་ དེ་ལས་ ཁག་ཆེ་བའི་ ཡིག་ཆ་དང་ དྲན་ཐོ་ཚུ་ འཕྲོག་བཅོམ་འབད་མི་ དོགས་ཅན་ཕོ་སྐྱེས་༢ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༦ པའི་ཚེ་༡༡ གི་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ ཨ་མཱན་སྐྱིད་གནས་ཁང་གི་ འཛིན་སྐྱོང་འགོ་དཔོན་གྱིས་ བྱུང་རྐྱེན་གྱི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་༢ པོ་ཆ་ར་ ཧེ་མ་ ཨ་མཱན་ཀོ་ར་སྐྱིད་གནས་ཁང་གི་ ལས་བྱེདཔ་བགྲེསཔ་ཨིན་པས།
བྱུང་རྐྱེན་སྐབས་ ནུབ་མོ་ སྒྲིག་གཡོག་རྒྱུག་སྡོད་མི་ ཨམ་སྲུ་ཅིག་ཡོདཔ་ད་ ཨམ་སྲུ་དེ་གིས་ སླབ་མི་དང་འཁྲིལཝ་ད་ བྱ་སྤུའི་ཇེ་ཀེཌ་དང་ ཇིནསི་གི་དོརམ་ཧོནམ་ དེ་ལས་ ཞྭམོ་བཙུགས་མི་ ཕོ་སྐྱེས་དེ་ གདོང་ཤུབས་བཙུགས་ཏེ་ འདུག་ཟེར་ཨིན་པས།
ཨམ་སྲུ་དེ་གིས་འབད་བ་ཅིན་ ཕོ་སྐྱེས་ཅིག་གིས་ ཧང་སྟོང་མར་ ཡིག་ཚང་གི་སྒོ་ཕྱེ་སྟེ་ ནང་ན་འཛུལ་འོང་ཞིནམ་ལས་ མོ་ལུ་ གྱི་ཅུང་དཔག་སྟེ་ ཏི་རུ་བཏོན་མ་བྱིན་པ་ཅིན་ གྱི་གསོབ་ནི་ཟེར་ འཇིགས་བསྐུལ་འབད་མི་ལུ་བརྟེན་ དངུལ་སྒྲོམ་གྱི་ལྡེ་མིག་ ཕྱེ་ཞིནམ་ལས་ སྒྲོམ་ནང་ཡོད་མི་ ཏི་རུ་དང་ ཡིག་ཆ་ཚུ་ག་ར་ བཏོན་འབག་སོང་ཡི་ཟེར་ཨིན་པས།
སྐྱིད་གནས་ཁང་གིས་ སྙན་ཞུ་འབད་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་སྡེ་ཚན་ཅིག་གིས་ ཞིབ་དཔྱད་འབད་བར་འགྱོ་བའི་སྐབས་ འཕྲོག་བཅོམ་འབད་མི་དེ་ རྒྱུས་ཡོད་མི་ཅིག་ར་ ཨིན་མས་ཟེར་ སླབ་ཡོདཔ་ཨིན་པས།
ཁྲིམས་སྲུག་འགག་པའི་ ཞིབ་དཔྱད་སྡེ་ཚན་དེ་གིས་ ཨ་མཱན་ཀོ་ར་སྐྱིད་གནས་ཁང་གི་ ལས་བྱེདཔ་བགྲེསཔ་ཅིག་ འཛིན་བཟུང་འབད་བའི་ཤུལ་ལས་ ཕོ་སྐྱེས་དེ་གི་ཁྱིམ་ནང་ འཚོལ་ཞིབ་འབད་བའི་སྐབས་ དངུལ་རྐྱང་༤༡,༢༠༠ ཐོབ་ཡོདཔ་མ་ཚད་ དངུལ་ཀྲམ་༢༠,༠༠༠ གི་རྩིས་ དངུལ་ཁང་ནང་ གསོག་འཇོག་འབད་ཡོད་པའི་ འབྱོར་འཛིན་ཐོབ་ཡོདཔ་མ་ཚད་ ཨིན་ཅི་༦ འབད་མི་ གྱི་ཅུང་ཅིག་ཡང་ ཐོབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ དོགས་པ་ཅན་ཕོ་སྐྱེས་དེ་གིས་ ཉེས་ལས་འཐབ་ཡོད་པའི་སྐོར་ལས་ རྫུན་ཁ་བཟེད་ཡོདཔ་མ་ཚད་ ད་རུང་ ཨ་མཱན་ཀོ་ར་སྐྱིད་གནས་ཁང་གི་ ལས་བྱེདཔ་བགྲེསཔ་ཅིག་གིས་ཡང་ ཁོ་ལུ་ ཆ་རོགས་འབད་ཡོད་པའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་༢ པོ་དེ་གིས་ ཐིམ་ཕུ་ཨོ་ལ་ཁ་ལུ་ ཇ་ཁང་ཅིག་ བཙུགས་ཏེ་ཡོདཔ་ཨིན་པས།
དེ་ཚེ་ནུབ་མོ་ དོགས་ཅན་༢ པོ་དེ་ ཆ་རོགས་ཚུ་དང་གཅིག་ཁར་ ཇ་ཁང་ནང་ ཏ་ཟེ་རྐྱབ་པའི་ཤུལ་ལས་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ ཏ་ཟེ་རྐྱབ་མི་ ཆ་རོགས་གཞན་ཅིག་གི་ སྣུམ་འཁོར་ཨའེ་ཊེན་ཀཱར་ བརྙ་བདའ་ཞིནམ་ལས་ ཨ་མཱན་ཀོ་ར་སྐྱིད་གནས་ཁང་ནང་ སོང་ནུག་ཟེར་ཨིན་པས།
དོགས་ཅན་༢ ལས་༡ གིས་ སྐྱིད་གནས་ཁང་གི་ མགྲོན་སྐྱོང་ཁང་ནང་ སོང་ཞིནམ་ལས་ སྒྲིག་གཡོག་རྒྱུག་སྡོད་མི་ ཨམ་སྲུ་ཅིག་ལུ་ འཇིགས་སྐུལ་འབད་ཡོདཔ་ད་ གཞན་མི་དེ་གིས་ ཕྱི་ཁ་ལས་ མི་འོང་མ་འོང་ བལྟ་མི་སྦེ་སྡོད་ནུག་ཟེར་ཨིན་པས།
དོགས་ཅན་ཚུ་གིས་འབད་བ་ཅིན་ དངུལ་སྒྲོམ་ནང་ དངུལ་ཀྲམ་༦༤,༠༠༠ དེ་ཅིག་ བཙུགས་བཞག་ནུག་ཟེར་ སླབ་ཡོདཔ་ཨིན་པས།
གནད་དོན་དེ་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment