གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་འཕྲུལ་ཁང་གི་ སརཇི་ ཤཱཕཊི་ཆུ་དོང་གུ་ ཧོག་ཀ་༤ ཐོན་མི་ལས་༣ བསུབས་ཡོདཔ།



༉ དར་ལ་གློག་མེ་འཕྲུལ་ཁང་གི་ སརཇི་ ཤཱཕཊི་ཆུ་དོང་གུ་ ཨིན་ཅི་༡.༥ རེ་འབད་མི་ ཧོག་ཀ་༤ མ་བསུབ་པར་ ལུས་མི་ལུ་བརྟེན་ འཕྲུལ་ཁང་གི་ ས་ཁོངས་ཚུ་ནང་ ཆུ་དུམ་གྲ་རེ་ འཛགས་དོ་ཡོདཔ་ལས་ ད་རེས་ཁམས་ཅིག་ཁར་ ཧོག་ཀ་༣ བསུབས་ཡོདཔ་ཨིན་པས།



མ་གཞི་ ཧོག་ཀ་༤ པོ་ཆ་ར་ བསུབ་ནི་གི་དཔའ་བཅམ་རུང་ ཆུ་ཧིང་སངས་སང་མེད་པའི་ཁར་ ཆུ་སྦོམ་ཡོད་མི་ལུ་བརྟེན་ ཧོག་ཀ་༡ ལུས་མི་དེ་ སང་ཕོད་ བསུབ་ནི་སྦེ་ བཞག་ཡོདཔ་ཨིན་པས།
རོ་བཱོཊ་ཟེར་ མི་བཟུམ་སྦེ་ ལཱ་འབད་ཚུགས་མི་ འཕྲུལ་ཆས་ཚུ་བཙུགས་ཏེ་ ཧོག་ཀ་ཚུ་ བསུབས་ཡོདཔ་ད་ ཧོག་ཀ་ཚུ་ བསུབ་ནིའི་ལཱ་དེ་ཡང་ ཨེ་མི་རི་ཀ་ལུ་ཡོད་པའི་ ཧི་བཱཌ་ ཨིན་སོར་ལས་སྡེ་གིས་ འབད་ཡོདཔ་ཨིན་པས།
དར་ལ་གློག་མེ་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ འཕྲུལ་ཁང་དེ་ སྤྱི་ལོ་༢༠༠༩ ཟླ་༣ པའི་ནང་ ལས་འགུལ་ལས་ འབྲུག་སླར་འབྱུང་ཐོན་སྐྱེད་ལས་འཛིན་གྱིས་ རྩིས་ལེན་པའི་སྐབས་ བ་ཊར་ཕ་ལའི་ ཝཱལ་ཟེར་མི་ གྱང་རྩིག་གི་ རྩ་བ་ལུ་ ཆུ་ཐོན་སར་ མཐོང་ཡོད་པའི་ཤུལ་ལུ་ དབྱེ་ཞིབ་ཀྱི་ལམ་ལུགས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དབྱེ་ཞིབ་ཀྱི་སྐབས་ལུ་ སརཇི་ ཤཱཕཊི་ཆུ་དུང་ནང་ ཆུ་ནང་བཙུགས་བཏུབ་པའི་ པར་ཆས་བཙུགས་ཏེ་ ལྟ་བའི་བསྒང་ལས་ ཧོག་ཀ་༤ མཐོང་གསལ་བྱུང་ཡོདཔ་ད་ དེ་གི་ཧེ་མར་ འཕྲུལ་ཁང་གི་འགོ་དཔོན་ཚུ་ ཆུ་ག་ཏེ་ལས་ འཛགས་དོ་ཡོདཔ་ཨིན་ན་ མ་ཤེས་པར་ སྡོད་ཅི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཧོག་ཀ་ཚུ་ བསུབ་ནིའི་དོན་ལུ་ ལྕགས་དུང་ཆུང་ཀུ་འབད་མི་ཚུ་ ལག་ལེན་འཐབ་ཡོདཔ་ད་ རོ་བཱོཊ་གིས་ ལྕགས་དུང་ཚུ་ ཧོག་ཀ་ཚུ་ནང་བཙུགས་ཏེ་ ནང་ན་ མར་ཁུ་ཤུགས་སྦེ་གཏིརཝ་ད་ ལྕགས་དུང་སྦོམ་ཐལ་ཏེ་ ཧོག་ཀ་ཚུ་ བསུབ་དོ་ཟེར་ཨིན་པས།
ཨིན་རུང་ ཧོག་ཀ་ཚུ་ག་ར་ བསུབས་ཚུགས་ཏེ་འབད་རུང་ ཆུ་དུམ་གྲ་རེ་ འཛག་ནི་ཨིནམ་ལས་ ཤུལ་ལས་ ཧོག་ཀ་ཚུ་ནང་ལས་ ས་ཚུ་ ནང་ན་འཛུལ་ཏེ་ འཕྲུལ་ཁང་ལུ་ བར་ཆད་རྐྱབ་ནིའི་ ཉེན་ཁ་ཡོད་ཟེར་ འགོ་དཔོན་ཚུ་གིས་སླབ་ཅི།
འབྲུག་སླར་འབྱུང་ཐོན་སྐྱེད་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཚེ་དབང་རིག་འཛིན་གྱིས་འབད་བ་ཅིན་ ད་རེས་ ཧོག་ཀ་༡ ལས་བརྒལ་ མ་ལུསཔ་བཞིན་དུ་ འཕྲུལ་ཁང་ནང་ ཆུ་གཡུར་ཚུ་ཡང་ ལེགས་ཤོམ་སྦེ་ བཟོ་སྟེ་ཡོདཔ་ལས་ ཉེན་ཁ་མེད་ཟེར་ཨིནམ་ད་ གལ་སྲིད་ ཉེན་ཁ་སྦོམ་ འབྱུང་ནི་ཨིན་པ་ཅིན་ འཕྲུལ་ཁང་དེ་ནང་ལས་ གློག་མེ་ཐོན་སྐྱེད་འབད་ནི་ མཚམས་འཇོག་འབད་དེ་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་འབདཝ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཟོ་སྐྲུན་གྱི་སྐབས་ལུ་ ཁག་འབགཔ་དེ་ཡང་ ལཱ་ལེ་ཤ་འབད་དགོཔ་ལས་ ལག་ལེན་འཐབ་མི་ ཆུ་དུང་ཚུ་ ལོག་བཏོན་པའི་སྐབས་ ཧོག་ཀ་བསུབ་ནི་ བརྗེད་སོཔ་འོང་ནི་མས་ཟེར་ཨིན་པས།
དེ་དང་འཁྲིལ་ གློག་མེ་འཕྲུལ་ཁང་དང་ སརཇི་ ཤཱཕཊི་༢ རྐྱབ་མི་དེ་ ཇའི་པར་ཀཱཤི་བཟོ་སྐྲུན་ལས་སྡེ་ཨིན་པས།
འཛིན་སྐྱོང་མདོ་ཆེན་གྱིས་ སླབ་མིའི་ནང་ གློག་མེ་འཕྲུལ་ཁང་ནང་ ཆུ་ཐོན་མི་དེ་ སྤྱིར་བཏང་གི་ གཞི་རྟེན་མཁོ་ཆས་ཚུ་གི་ རྩ་བ་ལས་ཕར་ ཆུ་འཛགས་མི་དང་མ་འདྲཝ་ག་ཅི་ཡང་མེད་རུང་ དེ་བཟུམ་མའི་ བྱ་སྟབས་མ་བདེ་བའི་ གནད་དོན་ཚུ་ལས་ ཉམས་མྱོང་ཐོབ་མི་དང་འཁྲིལ་ ཁག་འབགཔ་དེ་གིས་ ད་ལས་ཕར་ཡང་ འབྲུག་ལུ་ གློག་མེ་འཕྲུལ་ཁང་ ལེ་ཤ་ཅིག་ར་ རྐྱབ་དགོཔ་ཡོད་མི་ཚུ་ སྤུས་ཚད་དང་ ལྡནམ་སྦེ་རྐྱབ་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉམས་བཅོས་ལཱ་གི་དོན་ལུ་ ཟད་འགྲོ་ཚུ་ ཁག་འབགཔ་ཁོ་ར་གིས་ བཏང་ཡི་ཟེར་ཨིན་པས།
གཞན་འབད་བ་ཅིན་ ཧོག་ཀ་དེ་ཚུ་ བདུན་ཕྲག་༡ གི་ནང་འཁོད་ར་ བསུབ་ཚུགས་ནི་ཨིན་རུང་ ཆུའི་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ ཟླཝ་༡ དེ་ཅིག་ འགོར་སོ་ཡི་ཟེར་ཨིན་པས།
ད་རེས་ནངས་པ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ གློག་མེ་འཕྲུལ་ཁང་དེ་ཡང་ ཇའི་པར་ཀཱཤི་ བཟོ་སྐྲུན་ལས་སྡེ་གིས་ བཟོ་སྐྲུན་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment