གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་ནང་འདྲེན་ མར་ཕབ་ཀྱི་དོན་ལུ་ ཁྲལ་མཐོ་དྲགས་སྦེ་ ཡར་སེང་འབད་ནིའི་འོས་འབབ།

༉ དངུལ་རྩིས་དྲུང་ཆེན་ བླམ་རྡོ་རྗེ་གིས་འབད་བ་ཅིན་ འབྲུག་མི་ཚུ་ལུ་ འགྱུར་བ་མེད་པའི་ སྣུམ་འཁོར་གྱི་ མཁོ་འདོད་གནས་སྟངས་དང་འཁྲིལཝ་ད་ སྤྱི་ཚོགས་ནང་ གྲོས་བསྡུར་ཐོག་ ཡར་སེང་འབད་ནིའི་ འོས་འབབ་ཡོད་པའི་ སྣུམ་འཁོར་ནང་འདྲེན་གྱི་ཁྲལ་དེ་གིས་ ནང་འདྲེན་མར་ཕབ་ལུ་ ལྷན་ཐབས་ཅིག་ ག་དེ་སྦེ་འོང་ག་ཟེར་ བཤདཔ་ཨིན་པས།


དེ་ཡང་ ན་ཧིང་ སྣུམ་འཁོར་ནང་འདྲེན་གྱི་ ཁྲལ་ཡར་སེང་འབད་མི་དེ་གིས་ ཁྱད་པར་ག་ཅི་ཡང་ མ་བཟོཝ་མ་ཚད་ འདས་པའི་ལོ་དང་ཕྱདཔ་ད་ ལོ་འདི་ནང་ སྣུམ་འཁོར་ནང་འདྲེན་ བརྒྱ་ཆ་༥༠ དེ་ཅིག་ ཡར་སེང་སོང་ནུག་ཟེར་ཨིན་པས།
རུ་པིའི་གནས་སྟངས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ན་ཧིང་ རྒྱ་གར་ལས་ སྣུམ་འཁོར་བསྡོམས་༦,༨༩༣ ནང་འདྲེན་འབད་མིའི་གྲས་ལས་ སྣུམ་འཁོར་༤,༢༥༤ སྤྱི་ཟླ་༦ པའི་ཚེས་༢༠ ལས་ ཁྲལ་ཡར་སེང་ལག་ལེན་འཐབ་པའི་ཤུལ་ལུ་ ནང་འདྲེན་འབད་ཡོདཔ་ད་ ན་ཧིང་ རྒྱ་གར་ལས་ ནང་འདྲེན་འབད་མི་ སྣུམ་འཁོར་ཡོངས་བསྡོམས་ལས་ བརྒྱ་ཆ་༦༠ ལྷགཔ་ཅིག་ ཁྲལ་ཡར་སེང་འབད་ཚར་བའི་ཤུལ་ལས་ཨིན་པས།
འདི་བཟུམ་མའི་ གནས་སྟངས་ལུ་ལྟཝ་ད་ འབྲུག་མི་ཚུ་གི་ སྣུམ་འཁོར་མཁོ་འདོད་གནས་སྟངས་དེ་ བསྒྱུར་བཅོས་འབད་དགོ་པ་ཅིན་ ཁྲལ་འབོར་ཆེ་ཏོག་ཏོ་སྦེ་ར་ ཡར་སེང་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་མིན་པ་ཅིན་ ཁྱད་པར་ཅིག་ བཟོ་མི་ཚུགས་ནི་མས་ཟེར་ཨིན་པས།
དྲུང་ཆེན་གྱིས་ དཔེར་ན་ ནེ་པཱལ་རྒྱལ་ཁབ་བཟུམ་ཅིག་ནང་འབད་བ་ཅིན་ འབྲུག་དང་ཕྱདཔ་ད་ སྣུམ་འཁོར་ཚུ་ ཁྲལ་ལུ་བརྟེན་ གོང་ཚད་༣ ལྟབ་ཀྱིས་ ཐོ་དོ་ཡོདཔ་ད་ ད་ལྟོ་ འབྲུག་ལུ་ སྣུམ་འཁོར་ནང་འདྲེན་གྱི་དོན་ལུ་ སྣུམ་འཁོར་གྱི་སྤུས་ཚད་ ཆེ་འབྲིང་ཆུང་གསུམ་ལུ་ ཁྲལ་བརྒྱ་ཆ་ མཐོ་ཤོས་༥༠ དང་ དེ་ལས་ འབྲིང་མ་ལུ་ བརྒྱ་ཆ་༤༥ དང་ ཆུང་ཀུ་ཚུ་ལུ་ བརྒྱ་ཆ་༤༠ བཀལ་མི་དེ་ འཇམ་པས་ཟེར་བཤད་ཅི།
གནས་སྟངས་དེ་ལུ་ལྟ་བ་ཅིན་ ད་རུང་ ཁྲལ་བརྒྱ་ཆ་༤༠ ཡར་སེང་རྐྱབ་ནི་ཟེར་མི་དེ་གིས་ཡང་ ག་དེ་སྦེ་ ཁྱད་པར་བཟོ་ཚུགས་ག་ཟེར་བའི་ དོགས་སྣང་ཡོད་ཟེར་ དྲུང་ཆེན་གྱིས་བཤད་ཅི།
གཞུང་གིས་ ད་རེས་ཀྱི་ སྤྱི་ཚོགས་ནང་ སྣུམ་འཁོར་གྱི་ཁྲལ་ བརྒྱ་ཆ་༤༠ ཡར་སེང་འབད་བ་ཅིན་ ཁྲལ་མཐོ་ཤོས་ར་ བརྒྱ་ཆ་༩༠ དང་ དེ་ལས་༨༥ དང་ དམའ་ཤོས་ར་ བརྒྱ་ཆ་༨༠ འོང་ནི་ཨིནམ་ད་ དེ་གིས་ མི་མང་གི་ སྣུམ་འཁོར་མཁོ་འདོད་ཀྱི་ གནས་སྟངས་ལུ་ མར་ཕབ་རྐྱབ་ཚུགས་ག་ མ་ཤེསཔ་ཨིན་པས།
ད་རེས་ཀྱི་ སྤྱི་ཚོགས་དེ་ ཤུལ་མའི་བདུན་ཕྲག་ནང་ འགོ་བཙུག་ཞིནམ་ལས་ ཤུལ་མའི་འཆར་དངུལ་དེ་ སྤྱི་ཟླ་༦ པ་མཇུག་བསྡུ་ཁམས་ལུ་མ་གཏོགས་ གྲོས་བསྡུར་མི་གནང་ནི་ཨིནམ་ལས་ ད་ལྟོ་ གཞུང་གི་ཁྲལ་དང་འབྲེལ་བའི་ བསྒྱུར་བཅོས་ཚུ་ ག་དེ་སྦེ་ར་མཛད་ནི་ཨིན་ན་ གྲོས་ཆོད་གནང་ནིའི་དོན་ལུ་ དུས་ཚོད་ཡོད་ཟེར་ཨིན་པས།
དྲུང་ཆེན་གྱིས་ བཤད་མིའི་ནང་ ན་ཧིང་ གཞུང་གིས་ ཡུ་ཨེསི་ཌོ་ལར་ས་ཡ་༢`༠༠ བཙོང་སྟེ་ རུ་པི་དུང་ཕྱུར་༡༡ དེ་ཅིག་ ཐོབ་ཡོད་མི་དང་འདྲན་འདྲ་ འབྲུག་གིས་ ལོ་དེ་ནང་ རུ་པི་དུང་ཕྱུར་༡༡ གནས་པའི་ སྣུམ་འཁོར་དང་ས་སྣུམ་ ནང་འདྲེད་འབད་ནུག་ཟེར་ཨིནམ་ད་ འབྲུག་མི་གི་ མཁོ་འདོད་གནས་སྟངས་ལུ་ འགྱུར་བ་རྩ་བ་ལས་ར་ མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ གཞུང་གིས་ རུ་པི་ཞིབ་དཔྱད་ཚོགས་ཆུང་གི་ སྙན་ཞུ་བསྟར་དུ་འབད་བ་ཅིན་ ས་སྣུམ་ནང་འདྲེན་ལུ་ ཁྲལ་བརྒྱ་ཆ་༥ བཀལ་དགོཔ་སྦེ་ཨིནམ་ད་ གཞུང་གཡོག་ཆེ་རིམ་ཚུ་ལུ་ སྣུམ་འཁོར་མཁོ་སྒྲུབ་ཀྱི་དོན་ལུ་ ཁྲལ་ཡངས་ཆག་གི་ ཐོབ་ལམ་ཡོད་མི་དེ་ཡང་ ཆ་མེད་གཏང་དགོཔ་སྦེ་ཨིན་པས།
དེ་འབདཝ་ད་ ཤུལ་མའི་ལོ་ནང་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིནམ་ལས་ གཞུང་གིས་ ཁྲལ་དེ་ཚུ་ རུ་པི་ཞིབ་དཔྱད་ཚོགས་ཆུང་གི་ སྙན་ཞུ་དང་འཁྲིལ་ཏེ་ ག་དེ་སྦེ་ གྲོས་ཆོད་གནང་འོང་ག་ མ་ཤེསཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment