གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐངམ་སྦོ་བའི་ནད་གཞི་ ཐོབ་དགོ་པའི་རྒྱུ་རྐྱེན་ མ་ཤེས་པར་ཡོདཔ།

སློབ་ཕྲུག་བསྡོམས་༤༣༢ ལུ་ བརྟག་དཔྱད་འབད་བའི་སྐབས་༤༦ ལུ་ རྐངམ་སྦོ་བའི་ནད་གཞི་ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
 

སློབ་ཕྲུག་ཨ་ལུ་ཚུ་ལུ་ རྐངམ་སྦོ་བའི་ནད་གཞི་ ཐོབ་དགོ་མི་དེ་ བཞེས་སྒོ་ནང་ ཟས་བཅུད་མ་ཚང་མི་ལུ་བརྟེན་ཨིན་ན?
 ༉ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༨ རྐངམ་སྦོ་མི་ཚུ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གིས་ བརྟག་དཔྱད་འབད་བའི་སྐབས་ལུ་ རྩ་ཁམས་ནད་གཞི་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་རུང་ ནད་གཞི་དེ་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ ཐོབ་ཡོདཔ་ཨིན་ན་ མ་ཤེས་པར་ཡོདཔ་ཨིན་པས།


ལྷུན་རྩེ་སྨན་ཁང་གི་ ཌོག་ཊར་བསོད་ནམས་རྒྱ་མཚོ་གིས་ སློབ་ཕྲུག་ལེ་ཤ་ཅིག་ལུ་ རྐངམ་སྦོ་ཡོད་པའི་ ངོས་འཛིན་བྱུང་མི་ལུ་བརྟེན་ སྤྱི་ཟླ་༥ པའི་ཚེས་༢༦ དང་༢༧ དེ་ལས་༢༨ ལུ་ སློབ་ཕྲུག་བསྡོམས་༤༣༢ ལུ་ བརྟག་དཔྱད་འབད་བའི་སྐབས་ སློབ་ཕྲུག་༤༦ རྐངམ་སྦོ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་མཁས་མཆོག་ ཌོག་ཊར་སྐལ་བཟང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་གི་བརྟག་དཔྱད་གྲུབ་འབྲས་དེ་དང་ འདས་པའི་ལོ་ནང་ བསམ་གྲུབ་ལྗོངས་མཁར་ ཨོ་རོང་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ཐོབ་མི་ ནད་གཞི་དང་ ཅོག་འཐདཔ་སྦེ་ཡོདཔ་ཨིན་རུང་ དེ་བཟུམ་མའི་ ནད་གཞི་དེ་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ ཐོབ་ཡོདཔ་ཨིན་ན་ སླབ་མི་ཚུགས་པས་ཟེར་ཨིན་པས།
ནད་གཞི་ཐོབ་མི་ཚུ་ སློབ་རིམ་༩ པ་ལས་༡༢ པ་ཚུན་གྱི་ སློབ་ཕྲུག་ཚུ་ཨིནམ་ད་ གསོ་བའི་མཁས་མཆོག་གིས་ སླབ་མིའི་ནང་ ད་ལྟོ་བཟུམ་འབད་བ་ཅིན་ སློབ་ཕྲུག་ཚུ་གི་གནས་སྟངས་དེ་ ལེགས་ཤོམ་སྦེ་ར་ཡོད་ཟེར་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་ཀྱི་དོན་ལུ་ རྒྱ་གར་གྱི་ས་གནས་ གོ་ཧ་ཊི་ལུ་ གཏང་ནི་ཨིན་ན་མེན་ན་ ཐག་གཅད་ནི་ཟེར་ཨིན་པས།
སློབ་གྲྭའི་མཛོད་གཉེར་དེ་ ཟླ་རིམ་བཞིན་དུ་ སློབ་དཔོན་ཚུ་གིས་ སྐོར་རྒྱབ་ཐོག་ལས་འབད་དོ་ཡོདཔ་མ་ཚད་ མཛོད་གཉེར་དོ་དམ་པ་ཡང་ སློབ་ཕྲུག་ཁོང་རའི་ནང་འཁོད་ལུ་ ཟླ་རིམ་བཞིན་དུ་ སྐོར་རྒྱབ་ཐོག་ལས་ ལཱ་འབད་དོ་ཡོདཔ་ལས་ བཟའ་འཐུང་གི་ གྲོས་བསྟུན་ཡང་ ཁོང་རང་ཆ་ཁྱབ་ འཛོམས་ཐོག་ལས་ འབད་དོ་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ནང་ མཛོད་གཉེར་ཕོག་མི་ རྟའུ་ནོར་བུ་གིས་ སླབ་མིའི་ནང་ བདུན་ཕྲུག་༡ ནང་ སློབ་ཕྲུག་ཚུ་གི་ དྲོ་མཛར་དེ་ མར་ཁུ་ནང་ བརྔོ་སྟེ་བཟོ་མི་ ལྟོ་ཚར་༦ དང་ ལྟོ་རྐྱང་དང་ ཅ་ན་གི་ལྟོ་ཚར་༡ ཨོ་ཇ་དང་ སྲུ་ཇ་ཚར་༣ རེ་ བྱིན་ནི་ཡོད་ཟེར་ཨིན་པས།
ཉིན་མའི་ལྟོ་འབད་བ་ཅིན་ བདུན་ཕྲག་༡ ནང་ རེས་གཟའ་ལྷག་པ་ལུ་ ལྟོ་དང་གཅིག་ཁར་ ཚོདམ་དང་དཱལ་ རེས་གཟའ་སྤེན་པ་ལུ་ ལྟོ་དང་གཅིག་ཁར་ ཚོདམ་ཉ་སྐམ་ དེ་ལས་ ཉིནམ་གཞན་ཚུ་ནང་ ལྟོ་དང་གཅིག་ཁར་ ཀེ་བའི་ཚོདམ་དང་ ཚོད་བསྲེ་ཧོནམོ་གི་རིགས་ཚུ་ བྱིན་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཕྱི་རུའི་ལྟོ་འབད་བ་ཅིན་ བདུན་ཕྲུག་༡ ནང་ དཱལ་ཚར་༢ དང་ ཨེ་མ་དར་ཚིལ་ ཨ་ལུ་དཱམ་ཚར་རེ་ སྒོང་རྡོག་ ཧོན་ཚོད་ ནེ་ལས་ སྲནམ་ཅུམ་ཚུ་ཡང་ བྱིན་དོ་ཡོདཔ་ད་ སློབ་གྲྭའི་ལྟོ་རྒྱགས་དེ་ རིན་བསྡུར་ཐོག་ལས་ བཀྲམ་སྤེལ་བ་ཚུ་ལུ་ བྱིན་དོ་ཡོདཔ་མ་ཚད་ འཛམ་གླིང་བཟའ་སྤྱོད་ལས་རིམ་ཐོག་ལས་ཡང་ གྲོགས་རམ་ཐོབ་དོ་ཡོདཔ་ཨིན་པས།
ད་རེས་ནངས་པ་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་ཕྲུག་བསྡོམས་༤༣༢ ཡོད་པའི་གྲས་ལས་ ལྟོ་ཐོབ་སློབ་ཕྲུག་༢༧༨ ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment