བྱ་ཤ་ཁྱེགས་ཅནམ་ ནང་འདྲེན་འབད་ནི་ ཡར་སེང་འགྱོ་མི་ལུ་བརྟེན་ ནང་འཁོད་ཀྱི་ བྱ་གསོ་སྐྱོང་འཐབ་མིའི་ ཚོང་འབྲེལ་ལུ་གནོད་དོ་ཡོདཔ་མ་ཚད་ བྱའི་ཚོང་འབྲེལ་ལུ་བརྟེན་སྡོད་མི་ ཚོང་པ་ཚུ་ལུ་ཡང་ ཐོ་སྦོམ་སྦེ་ར་ཕོགཔ་མས་ཟེར་ཨིན་པས།
སོ་ནམ་ཞིང་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱ་ཤ་ཁྱེགས་ཅནམ་ ནང་འདྲེན་འཐབ་སྟེ་ བཙོང་མི་གིས་ ནང་འཁོད་ཀྱི་ བྱ་ཤ་བཙོང་མ་ཚུགས་པར་ ཟླཝ་ལྷགཔ་ཅིག་ཡར་སོ་ཡི་ཟེར་ཨིན་པས།
བྱ་གསོ་སྐྱོང་ཁང་གི་ ཇོ་བདག་ཅིག་གིས་འབད་བ་ཅིན་ བྱ་གསོ་སྐྱོང་འཐབ་ནིའི་དོན་ལུ་ གཞུང་ལས་སྐྱིན་འགྲུལ་ལེན་ཞིནམ་ལས་ ཁྲོམ་ཁར་ ཚོང་འབྲེལ་ལེགས་ཤོམ་སྦེ་འཐབ་མ་ཚུགས་པའི་བསྒང་ལས་ སྐྱིན་ཚབ་སྤྲོད་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ནང་འཁོད་ལས་ཐོན་མིའི་བྱ་ཤ་ཚུ་ ཧེ་མ་བཟུམ་སྦེ་ བཙོང་མ་ཚུགས་པའི་ཁར་ ཕུན་ཚོགས་གླིང་ དཔག་བསམ་ཁ་ལུ་ བྱ་ཤ་ཀེ་ཇི་༣༥,༠༠༠ དེ་ཅིག་ བཙོང་མ་ཚུགས་པར་ལུས་ཡོདཔ་ད་ གསར་སྤང་ལུ་ བྱ་ཤ་ཀེ་ཇི་༢༥,༠༠༠ དེ་ཅིག་ བཙོང་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།
གསར་སྤང་བདེ་སྐྱིད་གླིང་ བྱ་གསོ་སྐྱོང་ཁང་གི་ཇོ་བདག་ ཡུ་རྒྱལ་ཅཱད་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱའི་ཐོན་སྐྱེད་དང་ བྱ་ཤ་བཙོང་མ་ཚུགས་མི་ ག་ཅི་ལུ་བརྟེན་ཨིན་ན་ ཞིབ་འཚོལ་འབད་དེ་ལྟཝ་ད་ ཕུན་ཚོགས་གླིང་ལུ་ཡོད་མི་ ཤང་རི་ལ་ ནང་འདྲེན་པ་གིས་ ཊ་མིལ་ནཱ་དཱུ་དང་ བེང་ལོར་ དེ་ལས་ རྒྱ་གར་ཀོལ་ཀ་ཊ་ལས་ བྱ་ཤ་ནང་འདྲེན་སྦོམ་སྦེ་ར་འབད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཁོང་གིས་ བྱ་ཤ་ནང་འདྲེན་འབད་མི་གིས་མ་ཚད་པར་ ས་གནས་ཀྱི་ བྱ་ཤའི་གོང་ཚད་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་མས་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ བྱ་ཤ་སྦུང་མངམ་སྦེ་ཉོ་མི་ བཟའ་ཁང་ཚུ་ཨིནམ་ལས་ ཁོང་གིས་ བཟའ་ཁང་ཚུ་ལུ་ གོང་ཚད་མར་ཕབ་སྦེ་བཙོང་པའི་བསྒང་ལས་ ང་བཅས་ཀྱི་ཚོང་འབྲེལ་ལུ་ བར་ཆད་བྱུངམ་མས་ཟེར་ ཇོ་བདག་ཅིག་གིས་བཤདཔ་ཨིན་པས།
བྱ་གསོ་སྐྱོང་འབད་མི་ པི་རེམ་ ཀུ་མར་གྱིས་འབད་བ་ཅིན་ ས་གནས་ནང་གི་ སོ་ནམ་ཞིང་པ་ཚུ་གིས་ མི་སེར་ཚུ་གི་མཁོ་འདོད་འགྲུབ་ཐབས་ལུ་ བརྩོན་ཤུགས་བསྐྱེད་དེ་ བྱའི་ཐོན་སྐྱེད་ཡོདཔ་བཟོཝ་ད་ ཚོང་མགྲོན་པ་ཚུ་གིས་ འདི་ལུ་ མནོ་བསམ་ཐེབས་ཅིག་བཏང་སྟེ་ འབད་དགོཔ་འདུག་ཟེར་ཨིན་པས།
སྒོ་ནོར་འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ བྱ་ཤ་ཁྱེགས་ཅནམ་ཚུ་ ཧེ་མ་ལས་ར་ ནང་འདྲེན་འབད་དོ་ཡོདཔ་ཨིན་རུང་ ཧེ་མ་འབད་བ་ཅིན་ རྒྱ་ཁབ་ནང་ བྱ་གསོ་སྐྱོང་ཁང་ གངམ་མེད་ནི་དེ་གིས་་དཀའ་ངལ་ཐོན་པའི་ཚོར་སྣང་མ་བྱུང་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་གོང་འཕེལ་གྱི་གྱུར་བ་དང་བསྟུན་ རྒྱལ་ཁབ་ནང་ལུ་ཡང་ བྱ་གསོ་སྐྱོང་འཐབ་མི་ མང་སུ་ཡོདཔ་ལས་ ཚོང་འབྲེལ་འཐབ་ནི་ལུ་ དཀའ་ངལ་བྱུང་མི་དེ་ བསལ་ཐབས་འབད་དགོ་ཟེར་ཨིན་པས།
འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་ འགོ་དཔོན་ཚུ་གིས་འབད་བ་ཅིན་ འདས་པའི་ལོའི་ ཐོ་བཀོད་དང་འཁྲིལཝ་ད་ བྱ་ཤ་ནང་འདྲེན་འབད་མི་དེ་ ལེ་ཤ་གིས་ མར་བབས་སོང་ཡི་ཟེར་ཨིན་པས།
ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ལུ་ བྱ་ཤ་ མེ་ཊིག་ཊཱོན་༥༠༥.༩༨༡ ནང་འདྲེན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༠ ལུ་ མེ་ཊིག་ཊཱོན་༥༩༧.༨༧༧ ནང་འདྲེན་འབད་ནུག་ཟེར་ཨིན་པས།
བྱ་གསོ་སྐྱོང་འཐབ་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་གིས་ བྱ་ཤ་ནང་འདྲེན་འཐབ་ནི་ དམ་འཛིན་མ་འབད་བ་ཅིན་ བྱ་ལས་བརྟེན་པའི་ འོང་འབབ་བཟོ་ནི་དེ་ཡང་ གཉིད་ལམ་བཟུམ་ཅིག་ལུ་འགྱུར་ནི་མས་ཟེར་ཨིན་པས།
ད་རེས་ནངས་པ་ བྱའི་ཟནམ་ ཀརྨ་ཕིཌ་ ཀེ་ཇི་༦༠ ལུ་ དངུལ་ཀྲམ་༡༡༣༠ ལས་དངུལ་ཀྲམ་༡༢༢༠ ལུ་ ཡར་སེང་སོང་ནུག་ཟེར་ ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment