གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷ་ཁང་དགོན་སྡེ་༢༠ དེ་ཅིག་གི་ ནང་པའི་དཔེ་རྙིང་ཚུ་ ཉམས་སྲུང་འབད་ཡོདཔ།

ནང་པའི་དཔེ་རྙིང་ཚུ་ བསྡུ་གསོག་བཞག་མི་ ཀམ་པུས་ཊར་གྱི་སྲ་མཛོད།
༉ འབྲུག་འདི་ འཛམ་གླིང་ནང་ ནང་པ་སངས་རྒྱས་པའི་ ཐེག་ཆེན་གྱི་བསྟན་པའི་རིང་ལུགས་དེ་ ད་ཚུན་ ཉམས་མེད་སྤུས་གཙང་སྦེ་གནས་མི་ ཆོས་ལྡན་རྒྱལ་ཁབ་ཅིག་ཨིནམ་ལས་ རྒྱལ་བའི་གསུང་རབ་དང་གཅིག་ཁར་ མཁས་པའི་བསྟན་བཅོས་ལ་སོགས་པའི་ ཡིག་ཆའི་རིགས་མ་འདྲཝ་ཡོད་མི་ཚུ་ ཉམས་སྲུང་འབད་དགོཔ་དེ་ ཁག་ཆེཝ་ཨིན་པས།


འབྲུག་གི་མཁས་དབང་ཚུ་གི་གྲས་ལས་ ནང་པའི་རིག་གཞུང་ལུ་ བརྩོན་ཤུགས་བསྐྱེད་མི་ ཌོག་ཊར་ ཀརྨ་ཕུན་ཚོགས་ཀྱིས་ སྒེར་གྱི་ཞིབ་འཚོལ་དང་ མཉམ་སྦྲགས་སྦེ་ འབྲུག་གི་ལྷ་ཁང་དགོན་སྡེ་དང་ སྒེར་གྱི་དཔེ་ཆ་ ཡིག་རིགས་རྙིང་ཤོས་ཚུ་ ཉམས་སྲུང་གི་དོན་ལུ་ ལས་འགུལ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༥ ལས་ འགོ་བཙུགས་ཏེ་ ལོ་ངོ་༨ ཀྱི་རིང་ལཱ་འབད་དེ་ ལྷ་ཁང་དང་ དགོན་སྡེ་ཡོངས་བསྡོམས་༢༠ གི་ དཔེ་ཆ་རྙིངམ་མ་འདྲཝ་༥,༠༠༠ དེ་ཅིག་ པར་བཏབ་སྟེ་ གློག་རིག་གི་ སྲ་མཛོད་ནང་ བསྡུ་སྒྲིག་འབད་ཡོད་མི་དེ་ རྒྱལ་ཡོངས་དཔེ་མཛོད་ལུ་ སྒེར་གྱི་གྲོགས་རམ་བཟུམ་ཅིག་སྦེ་ ཁ་ཙ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ལུ་ཕུལ་ཡི།
བློན་པོ་གིས་ གསུངས་མིའི་ནང་ དེ་བཟུམ་མའི་ ཡིག་རིགས་ཉམས་སྲུང་འབད་དགོཔ་དེ་ ག་ནི་བ་ ཁག་ཆེ་བའི་གནས་སྟངས་ཅིག་ལུ་ ལྷོད་དེ་ཡོདཔ་ཨིན་རུང་ གཞུང་ལུ་ ཕྱག་ལཱ་ལེ་ཤ་ཡོདཔ་ལས་ དཔེ་ཆ་ཉམས་སྲུང་གི་ལཱ་དེ་ལུ་ མ་དངུལ་གྱི་དཀའ་ངལ་ལུ་བརྟེན་ ལུས་ཡོད་མི་དེ་ ཌོག་ཊར་ཀརྨ་གིས་ སྒེར་གྱི་ལས་འགུལ་ཅིག་སྦེ་ འགོ་འདྲེན་འཐབ་མི་དེ་གིས་ རྒྱལ་ཁབ་དང་ མི་སེར་ དེ་ལས་ མཁས་དབང་དང་ ཞིབ་འཚོལ་པ་ཚུ་ལུ་ ཕན་ཐོགས་སྦོམ་ འབྱུང་ཚུགས་ཟེར་ཨིན་པས།
ཌོག་ཊར་ཀརྨ་ཕུན་ཚོགས་ཀྱིས་ སླབ་མའི་ནང་ དཔེ་རྙིང་ཚུ་ པར་བཏབ་སྟེ་ ཉམས་སྲུང་འབད་ནི་རྐྱངམ་གཅིག་གིས་མ་ཚད་པར་ ལས་འགུལ་དེ་གིས་ གཞན་ཡང་ དཔེ་རྙིང་དང་འབྲེལ་བའི་ ཞིབ་འཚོལ་ལེ་ཤ་ར་འབད་དགོཔ་འདུག་ཟེར་ཨིནམ་ད་ དང་ཕུ་དང་ ད་ལྟོའི་བར་ན་ ཡི་གུའི་རྣམ་གཞག་དང་ དཔེ་ཆའི་ལམ་སྲོལ་ནང་ འགྱུར་བ་ག་དེ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་ན་ཚུ་ཡང་ ཧ་གོ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ ཉམས་སྲུང་ལས་འགུལ་འགོ་བཙུགས་དགོ་མི་དེ་ཡང་ ནང་པའི་རིག་གཞུང་གི་ དཔེ་རྙིང་དེ་ཚུ་ མཁས་དབང་དམ་པ་དང་ བླ་མ་བཟང་པོ་ཚུ་གིས་ བཀའ་དང་བསྟན་བཅོས་ཚུ་ ད་རེས་བཟུམ་མའི་མཐུན་རྐྱེན་མེད་པར་ ལོ་དང་ ཟླཝ་སྦེ་ ཤོག་ཀུ་བཟོ་ཞིནམ་ལས་ དུས་ཚོད་འགོར་བའི་ཐོག་ལས་ ཆོས་ཀྱི་པོ་ཏི་ལག་བྲིས་འབད་དེ་བཞག་ཡོདཔ་ཨིན་པས།
ད་རེས་ནངས་པ་ མཇལ་ནི་ཡོད་མི་ཚུ་ འབྱུང་བཞིའི་རྐྱེན་ངན་ཚུ་གིས་ཡང་ གནོད་སྐྱོན་མེད་པར་ སྡོད་པའི་སྐབས་ མ་འོངས་པའི་དོན་ལུ་ ཉམས་སྲུང་འབད་དགོཔ་ཁག་ཆེཝ་ལས་ འགོ་བཙུགས་ཅི་ཟེར་ཨིན་པས།
དཔེར་ན་ སྤ་སྒར་དགོན་པའི་ཡིག་རིགས་ རྙིང་མའི་བརྒྱུད་འབུམ་དང་ གཞན་དཔེ་ཆ་དག་པ་ཅིག་ པར་བཏབ་ཡོད་རུང་ ཤུལ་ལས་ དཔེ་ཆ་གཞན་མི་ཚུ་ ལྷ་ཁང་དེ་ མེ་མཆོད་བཞེས་པའི་སྐབས་ བྱིན་རླབས་ཅན་གྱི་ ཡིག་རྙིང་ཚུ་ལུ་གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།
ཡིག་རིགས་དང་ དཔེ་རྙིང་དེ་ཚུ་ ལྷ་ཁང་ལ་ལུ་ཅིག་ནང་ རང་སོ་ལག་ལེན་ཅན་གྱི་ དཔེ་ཆ་ཚུ་མ་གཏོགས་ ཁུངས་ཆོད་པའི་ དཔེ་ཆ་དང་ཡིག་རིགས་ཚུ་ ཉམས་སྲུང་མེད་པར་ ག་ལྷོད་སྦེ་བཞག་ཡོདཔ་ད་ དཔེ་ཆའི་རག་རོ་ཚུ་ནང་ལས་ འཚོལ་བའི་སྐབས་ ཡིག་རྙིང་དང་ གསུང་རྩོམ་ལ་སོགས་པའི་རིགས་ རྩ་ཆེ་ཏོག་ཏོ་ཚུ་ ཐོན་ནི་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཁོ་གིས་ བི་རི་ཊིཤ་རྒྱལ་ཡོངས་དཔེ་མཛོད་ཁང་དང་ ཁོ་ར་ སློབ་སྟོན་དང་ཞིབ་འཚོལ་འབད་སའི་ ཀེམ་བི་རེཇི་གཙུག་ལག་སློབ་སྡེ་གིས་ མ་དངུལ་གྱི་རྒྱབ་སྐྱོར་ཐོག་ལས་ ལས་འགུལ་འགོ་འདྲེན་འཐབ་ཡོད་པའི་ཁར་ གཞུང་གྲྭ་ཚང་དང་ རྒྱལ་ཡོངས་དཔེ་མཛོད་ དགོན་སྡེ་ མི་སེར་ཚུ་གིས་ ཡིག་རྙིང་ཚུ་  ཉམས་སྲུང་གི་དོན་ལུ་ པར་བཏབ་ཆོག་པའི་ གྲོགས་རམ་ཚུ་འབད་ཡི་ཟེར་ཨིན་པས།
ད་ལས་ཕར་ ལས་འགུལ་དེ་ མ་དངུལ་འཚོལ་ཏེ་ འཕྲོ་མཐུད་འབད་ནི་ཨིནམ་ད་ ཡིག་རིགས་དེ་ཚུ་ པར་བཏབ་སྟེ་ གློག་རིག་གི་ སྲ་མཛོད་བཟོ་ཞིནམ་ལས་ ཤེས་ཡོན་དང་ ཞིབ་འཚོལ་གྱི་དོན་ལུ་ ལག་ལེན་འཐབ་མི་ཚུ་གིས་ རིན་མེད་སྟོང་པར་ རྒྱལ་ཡོངས་དཔེ་མཛོད་ཁང་ནང་ལས་ འཐོབ་ཚུགས་ནི་ཨིན་རུང་ དེ་ནང་ཡོད་པའི་དཔེ་ཆ་དང་ ཡིག་རིགས་ཚུ་ དངུལ་འབྲེལ་གྱི་དོན་ལུ་ ལག་ལེན་འཐབ་སྟེ་འབད་བ་ཅིན་ པར་དབང་དེ་ དཔེ་ཆ་ བསྡུ་སྒྲིག་འབད་མི་དང་ རྩོམ་མི་ཚུ་ལུ་ཡོདཔ་ཨིན་ཟེར་ ཌོག་ཊར་ཀརྨ་ཕུན་ཚོགས་ཀྱིས་བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment