གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་བསྟར་སྤྱོད་འབད་མི་ཚུ་ལུ་ དེང་སང་གི་ དོ་འགྲན་ལེ་ཤ་ཡོདཔ།

རྒྱ་གར་ལུ་ སི་བི་ཨའི་གིས་ ཉ་ཆུང་མིན་པར་ ཉ་ཆེན་ཚུ་ལུ་རྐྱངམ་གཅིག་ ཞིབ་དཔྱད་འབད་དོ་ཟེར་ སླབ་ཨིན་པས།
རྒྱ་གར་གྱི་ ཞིབ་དཔྱད་ལྟེ་བའི་མདོ་ཆེན་ ཨ་མར་ པར་ཏབ་སིང་།
༉ འཛམ་གླིང་གཅིག་གྱུར་ཡར་འཕར་འགྱོ་མི་ལུ་བརྟེན་ ཁྲིམས་འགལ་ལས་ཚོགས་ཚུ་ལུ་ ཉེས་ལས་འཐབ་ནི་གི་ གོ་སྐབས་མང་སུ་ཐོབ་དོ་ཡོདཔ་ལས་ འཛམ་གླིང་དང་ ལྷག་པར་དུ་ ཁྲིམས་བསྟར་སྤྱོད་འབད་མི་ ལས་སྡེ་ཚུ་ལུ་ དོ་འགྲན་སྦོམ་སྦེ་ར་ བྱུང་དོ་ཟེར་ སི་བི་ཨའི་ཟེར་མི་ རྒྱ་གར་གྱི་ ཞིབ་དཔྱད་ལྟེ་བའི་མདོ་ཆེན་ ཨ་མར་ པར་ཏབ་སིང་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲིམས་འགལ་ལས་ཚོགས་ཚུ་དང་ ཡོངས་འབྲེལ་ཚུ་ རྒྱ་ཆེཝ་སྦེ་ རྒྱ་བསྐྱེད་སོང་སྟེ་ འཛམ་གླིང་རྒྱལ་ཡོངས་ལུ་ དར་ཁྱབ་སོང་ཡོདཔ་ལས་ འཛམ་གླིང་གི་ དཔལ་འབྱོར་ལུ་ ཐོ་བཀལཝ་མས་ཟེར་ཨིན་པས།


དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ སེམས་རྟོགས་ཁ་རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ འགོ་འདྲེན་འཐབ་མི་ གྲོས་བསྡུར་ལས་རིམ་ནང་ སི་བི་ཨའི་གི་མདོ་ཆེན་ ཨ་མར་ པར་ཏབ་སིང་གིས་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་ལུ་ དེང་སང་གི་ དོ་འགྲན་བྱུང་མི་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡི།
གྲོས་བསྡུར་ལས་རིམ་ནང་ ཁྲིམས་བསྟར་སྤྱོད་འབད་མི་ ངོ་ཚབ་སྡེ་ དཔེར་ན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ བཀའ་ཁྲིམས་ལས་ཁུངས་ ཁྲིམས་སྡེ་ ཁྲིམས་སྲུང་འགག་སྡེའི་ ངོ་ཚབ་ཚུ་གིས་ འབྲེལ་གཏོགས་འབད་ཡོདཔ་ད་ མདོ་ཆེན་གྱིས་ དངུལ་འབྲེལ་གྱི་ཉེས་ལས་དང་ མཚོ་ཇག་ ཅ་རྙིང་ནག་ཚོང་ རི་དྭགས་སེམས་ཅན་གྱི་ ཡན་ལག་ནག་ཚོང་ ཨར་རྐུན་འབད་བའི་ ཅ་ཆས་ཚུ་ སླར་ལོག་ཐོབ་ཚུགས་པར་ ལཱ་ཁག་ཡོད་མི་དང་ རྒྱལ་ཁབ་གཅིག་ལས་གཅིག་ནང་ ཁྲིམས་ལུགས་བསྟར་སྤྱོད་ཀྱི་ཐབས་ལམ་ དེ་ལས་ བརྡ་དོན་འཕྲུལ་རིག་གི་ཉེས་ལས་ སྨྱོ་རྫས་ཀྱི་ དཀའ་ངལ་ཚུ་གི་ གསལ་བཤད་འབད་ཡི།
དེ་ལས་ འཛམ་གླིང་གཅིག་གྱུར་དང་ འཕྲུལ་རིག་གོང་འཕེལ་འགྱོ་བའི་ ནམ་དུས་ལུ་ ཚུལ་མིན་ཐོག་ལས་ ཏི་རུ་ཚོང་སྒྱུར་འཐབ་མི་དེ་ ཁྱབ་ཆེར་སོང་སྟེ་ཡོདཔ་ད་ ད་རེས་ནངས་པ་ ཁྲིམས་འགལ་སྡེ་ཚན་ཚུ་གིས་ མ་དངུལ་ཚུ་ བརྡ་དོན་ཡོངས་འབྲེལ་ཐོག་ལས་ ས་མཚམས་ཀྱི་ཕྱི་ཁར་ འཇམ་ཏོང་ཏོ་སྦེ་ བསྐྱལ་ཚུགས་རུང་ འབྲེལ་ཡོད་རྒྱལ་ཁབ་ཀྱི་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་ལུ་ རང་སོའི་ཁྱབ་དབང་གི་ཕྱི་ཁར་ ཞིབ་དཔྱད་འབད་ནི་གི་ ཐོབ་དབང་མེདཔ་ལས་ ཚུལ་མིན་ཐོག་ལས་ མ་དངུལ་བསྐྱལ་མི་ཚུ་ བདའ་ཟུན་ཚུགས་པར་ ལཱ་ཁག་འདུག་ཟེར་  ཨ་མར་ པར་ཏབ་སིང་གིས་བཤད་ཅི།
འདི་བཟུམ་མའི་ ཉེས་ལས་འཐབ་མི་ཚུ་ནང་ འཛམ་གླིང་རྒྱལ་སྤྱིའི་ མཉམ་འབྲེལ་དགོཔ་སྦེ་ཡོད་མི་དེ་ཡང་ ཁྲིམས་འགལ་གྱི་ ལཱ་འབད་མི་ཚུ་གི་དོན་ལུ་ བར་ན་བཀག་མཚམས་མེདཔ་ཨིན་རུང་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་ རྒྱལ་ཁབ་ཀྱི་ ས་མཚམས་ཕྱི་ཁར་ འགྱོ་ཐབས་མེད་ནི་དེ་གིས་ཨིན་པས།
ཅ་རྙིང་བརླག་སྟོར་ཤོར་མིའི་ཐད་ལུ་ འབྲུག་འདི་ ལམ་སྲོལ་བཟང་པོ་གིས་ཕྱུག་པའི་ རྒྱལ་ཁབ་ཅིག་ཨིནམ་ལས་ དྲནམ་བཏོན་དགོ་ཟེར་ སི་བི་ཨའི་གི་ མདོ་ཆེན་གྱིས་ བཤད་པའི་ཁར་ ཅ་རྙིང་ཚུ་ ཕྱི་རྒྱལ་ལུ་ ནག་ཚོང་འཐབ་མི་ལུ་བརྟེན་ རྒྱ་གར་གྱི་ ཅ་རྙིང་འགངས་ཅན་ལེ་ཤ་ཅིག་ བརླགས་སྟོར་ཤོར་ཡོད་ཟེར་བཤད་ཅི།
དོ་འགྲན་ཅན་གྱི་ དཀའ་ངལ་ཚུ་ བསལ་ཐབས་ལུ་ ཁྲིམས་བསྟར་སྤྱོད་འབད་མི་ ལས་སྡེ་ཚུ་ལུ་ འཕྲུལ་ཆས་དང་ ཁྱད་རིག་ཅན་གྱི་ ཁྲིམས་སྲུང་འགག་པ་མངམ་དགོ་ཟེར་ མདོ་ཆེན་གྱིས་ བཤད་པའི་ཁར་ ཁྲིམས་འགལ་སྡེ་ཚན་ཚུ་དང་ གདོང་ལེན་འབད་ནིའི་དོན་ལུ་ འཛམ་གླིང་རྒྱལ་སྤྱིའི་ ཁྲིམས་སྲུང་འགག་པ་ལས་ མཉམ་འབྲེལ་མེད་པ་ཅིན་ བཀག་ཆ་འབད་མི་ཚུགས་ཟེར་བཤད་ཅི།
ཁོ་གིས་འབད་བ་ཅིན་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ མི་སྟོབས་གོང་འཕེལ་དོན་ལུ་ སི་བི་ཨའི་ སློབ་སྦྱོང་ལྟེ་བའི་ནང་ སྦྱོར་བརྡར་བྱིན་ནི་དང་ འབྲུག་དང་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པའི་བར་ན་ མཉམ་འབྲེལ་གོང་འཕེལ་གཏང་ནི་ཟེར་ཨིན་པས།
ཀུན་གསལ་གྱིས་ བརྡ་བརྒྱུད་ཁ་ཐུག་ལས་ རྒྱ་གར་ལུ་ ངན་ལྷད་ཀྱི་ ཞིབ་དཔྱད་ལུ་ ལྷན་ཐབས་ག་དེ་སྦེ་ འབད་དོ་ག་ཟེར་ དྲིས་བའི་ལན་ལུ་ ཨ་མར་ པར་ཏབ་སིང་གིས་འབད་བ་ཅིན་ སི་བི་ཨའི་དང་ བརྡ་བརྒྱུད་ཀྱི་བར་ན་ མཉམ་འབྲེལ་དམ་ཟབ་ཐོག་ ལཱ་འབད་དོ་ཡོདཔ་མ་ཚད་ གཅིག་གིས་གཅིག་ལུ་ རྒྱབ་སྐྱོར་འབད་དོ་ཟེར་ཨིནམ་ད་ གནས་ཚུལ་ཚུ་ཡང་ ཕན་ཚུན་བརྗེ་སོར་འབད་དོ་ཡོད་མི་དེ་ཡང་ རེ་ཚེ་སྐབས་ ང་བཅས་ཀྱིས་ ཐོབ་མ་ཚུགས་མི་ གནད་དོན་ཚུ་ བརྡ་བརྒྱུད་ཀྱིས་ ཐོབ་ཚུགས་ཡོདཔ་ལས་ ཞིབ་དཔྱད་འབདཝ་ད་ ཕན་ཐབས་བྱུངམ་མས་ཟེར་ ཁོ་གིས་ བཤད་ཅི།
འབྲུག་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉ་ཆེན་མིན་པར་ ཉ་ཆུང་ཚུ་ལུ་རྐྱངམ་གཅིག་ དམིགས་གཏད་འབདཝ་མས་ཟེར་ སྐྱོན་བརྗོད་འབད་དོ་ཡོདཔ་ལས་ རྒྱ་གར་གྱི་ གནས་སྟངས་ནང་འབད་བ་ཅིན་ ག་དེ་སྦེ་ཨིན་ན་ཟེར་ དྲིས་བའི་ལན་ལུ་ སི་བི་ཨའི་གི་ མདོ་ཆེན་གྱིས་འབད་བ་ཅིན་ ཁོང་གིས་ ཆེ་རིམ་ཅན་ཚུ་ འབྲེལ་གཏོགས་ཡོད་མི་རྐྱངམ་གཅིག་ལུ་ ཞིབ་དཔྱད་འབད་དོ་ཡོདཔ་ལས་ ཉ་ཆུང་ཚུ་གི་ རྟིང་བདའ་ནི་མེད་ཟེར་ཨིན་པས།
ང་བཅས་ཀྱིས་ མི་ཆེ་རིམ་ཅན་དང་ ཆེ་མཐོའི་འགོ་དཔོན་ཚུ་ལུ་ ཞིབ་དཔྱད་འབད་ནི་གི་ དམིགས་གཏད་འབད་དོ་ཡོདཔ་ལས་ ཉ་ཆུང་ཟེར་སླབ་མི་ མི་ཉམ་ཆུང་ཚུ་གི་ཐད་ལུ་ ཞིབ་དཔྱད་འབད་ནི་དེ་ ས་གནས་ཀྱི་ ཁྲིམས་སྲུང་འགག་པ་ལུ་ བཞག་པ་ཅིན་ ལེགས་ཤོམ་ཨིན་ཟེར་ ཨི་བི་ཨའི་གི་ མདོ་ཆེན་གྱིས་ བཤད་ཅི།
དེ་འབདཝ་ད་ ངན་ལྷད་ཀྱི་ ལག་ལེན་ནང་ འབྲེལ་གཏོགས་ཡོད་མི་ སྲིད་དོན་པ་དང་ ཆེ་རིམ་ཅན་ཚུ་ ཞིབ་དཔྱད་འབད་ཚར་བའི་ཤུལ་ལུ་ ཉེས་བཤེར་གྱི་དོན་ལས་ ཁྲིམས་ཀྱི་འདུན་སར་ བསྐྱལ་ཞིནམ་ལས་ གྲོས་ཆོད་བཏོན་ནི་མེད་པར་ ལོ་ངོ་བཅུ་ཕྲག་དང་ གནད་དོན་ལ་ལུ་ཅིག་ནང་ ལོ་ངོ་༡༥ ལྷགཔ་རེ་ འགོར་དོ་ཡོདཔ་ལས་ ཉེས་དོགས་ཅན་ཚུ་ ཁྲིམས་མ་བཀལ་བར་ མི་ཚེ་རྫོགས་དོ་ཡོདཔ་ཨིན་པས།
ཨ་མར་པར་ཏབ་སིང་དེ་ སྤྱི་ལོ་༡༩༧༤ ལུ་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པའི་ བི་ཧར་གྱི་ སྡེ་ཚན་ནང་ འཛུལ་ཞུགས་འབད་བའི་ཤུལ་ལུ་ སྤྱི་ལོ་༡༩༨༧ ལུ་ སི་བི་ཨའི་ཞིབ་དཔྱད་ལྟེ་བའི་ནང་ མ་འཛུལ་ཚུན་ཚོད་ གོ་གནས་ལེ་ཤ་ལེན་ཡོདཔ་ད་ སྤྱི་ལོ་༡༩༩༧ ལས་༢༠༠༣ ཚུན་ རྒྱ་གར་གྱི་ མཁའ་འགྲུལ་ལས་སྡེའི་ ལྟ་རྟོག་གཙོ་འཛིན་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ སྤྱི་ལོ་༢༠༠༩ ལུ་ སི་བི་ཨའི་གི་ མདོ་ཆེན་སྦེ་ བསྐོ་བཞག་གྲུབ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment