གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྟ་༢༢ ཨརཝ་རྐྱབ་སྟེ་བཙོང་བའི་རྩོད་གཞི་ རྫོང་ཁག་ཁྲིམས་འདུན་ལུ་བཏང་ཡོདཔ།

༉ དབང་འདུས་ཕོ་བྲང་རྫོང་ཁག་ ཕོབ་སྦྱིས་ཁ་ལས་ རྟ་ཨར་རྐུན་འབད་དེ་བཙོང་མི་ དོགས་ཅན་༣ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ ཟླཝ་༢ དེ་ཅིག་ བཞག་པའི་ཤུལ་ལས་ ཁ་ཙ་ ཉེས་འཛུགས་འབད་དེ་ རྫོང་ཁག་ཁྲིམས་འདུན་ལུ་ རྩོད་གཞི་ཕྱེ་བར་ བཏང་ཡོདཔ་ཨིན་པས།


དབང་འདུས་ཕོ་བྲང་ སྦྱེད་ནག་རྒེད་འོག་ལས་ སྐྱེས་ལོ་༤༥ ལང་མི་ ཕོ་སྐྱེས་ཅིག་དང་ སྐྱེས་ལོ་༣༨ ལང་མི་ ཁོ་གི་ནུ་གཅུང་ དེ་ལས་ སྤུ་ན་ཁ་ལས་ སྐྱེས་ལོ་༤༦ ལང་མི་ ཕོ་སྐྱེས་ཅིག་གིས་ ཕོབ་སྦྱིས་ཁ་ལུ་ བཏང་བཞག་མི་ རྟ་༢༢ ཨརཝ་རྐྱབ་སྟེ་ བདའ་སོང་ཡི་ཟེར་ དོགས་ཅན་༣ གྱིས་ ཁྲིམས་སྲུང་འགག་པའི་ དྲི་བཀོད་ནང་ ཁ་བཟེད་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ ཤོ་ཐེངས་གསུམ་སྦེ་ རྟ་ཚུ་ ཨརཝ་རྐྱབ་ཡོདཔ་ཨིན་པས།
དེ་ཡང་ ན་ཧིང་ སྤྱི་ཟླ་༩ པ་དེ་ཅིག་ཁར་ ཨར་རྐྱབ་མི་རྟ་༨ ཐིམ་ཕུ་ འབྱུང་བཞི་ནང་ལུ་ བཙོང་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ སྤ་རོ་ལས་ ལོག་ཐོབ་ཡོདཔ་ད་ དེ་གི་ཤུལ་ལས་ རྟ་༦ འབད་མི་ སྡེ་ཚན་ཅིག་ ད་རུང་ འབྱུང་བཞི་ནང་ལུ་ བཙོང་མི་དེ་ ཧཱ་བརྒྱུད་དེ་ བསམ་རྩེ་ལུ་ ལྷོད་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་གིས་ ལོག་ཐོབ་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཡོདཔ་ད་ དེ་ལས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ བྱང་སྟོར་ཤོར་མི་རྟ་༨ ཐིམ་ཕུ་ རྡོ་གདན་ནང་ལས་ ཐོབ་ཡོདཔ་ཨིན་པས།
ཁོང་༣ གྱིས་ རྟ་ཡོངས་བསྡོམས་༢༢ ཨརཝ་རྐྱབ་མིའི་གྲས་ལས་༡ སྣུམ་འཁོར་ཌི་སི་ཨེམ་ནང་ སྐྱེལ་འདྲེན་འབད་བའི་སྐབས་ ཤི་ཡོདཔ་ད་ རྟ་༢ བཙོང་ཚར་བའི་ཤུལ་ལས་ ཤི་སོ་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ རྟ་ཚུ་ ཕོབ་སྦྱིས་ཁ་ལས་ དྭངས་ཆུ་ཟམ་དང་ ཁེ་ལས་ཁ་ཚུན་ བདའ་འོང་བའི་ཤུལ་ལས་ སྣུམ་འཁོར་ནང་ སྐྱེལ་འདྲེན་འབད་དེ་ ཕིམ་ཕུ་ལུ་ འབག་སྐྱེལ་ནུག་ཟེར་ཨིན་པས།
དྭངས་ཆུ་ཟམ་པ་དེ་ དབང་འདུས་ཁྲོམ་རྙིངམ་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ ས་ཁར་ཨིནམ་བཞིན་དུ་ ཁེ་ལས་ཁ་དེ་  ཀི་ལོ་མི་ཊར་༣༠ དེ་ཅིག་ལུ་ཨིན་པས།
བྱ་ངན་དེ་གི་སྐོར་ལས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༣ ལུ་ དོགས་ཅན་ཚུ་གིས་ རྡོ་གདན་ནང་ལུ་ རྟ་བདའ་འགྱོ་སར་མཐོང་སྟེ་ དེའི་ནངས་པར་ར་ སྦྱེད་ནག་རྒཔོ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ དོགས་ཅན་ཚུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཨརཝ་རྐྱབ་མི་རྟ་ཚུ་ ཇོ་བདག་༢༧ གྱི་ཨིན་མས་ཟེར་ཨིནམ་ད་ ལོག་ཐོབ་མི་རྟ་༡༩ ཇོ་བདག་ཚུ་ལུ་ སྤྲོད་ཚུགས་ཅི་ཟེར་ཨིན་པས།
རྟ་བསྡོམས་༢༡ ལུ་ གོང་ཚད་དངུལ་ཀྲམ་འབུམ་༢ སྦེ་ བཙོང་ཡོདཔ་ཨིན་པས།
ད་རེས་ རྫོང་ཁག་ཁྲིམས་སྲུང་འགག་པ་ལུ་ རྟ་བྱང་སྟོར་ཤོར་བའི་སྙན་ཞུ་༥༧ ལྷོད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དེ་བཟུམ་མའི་ གནད་དོན་ཚུ་ཐོནམ་ཅིག་ དེ་འཕྲོ་ལས་ སྙན་ཞུ་འབད་བ་ཅིན་ དོགས་ཅན་ཚུ་ གང་མགྱོགས་བདའ་ཟུན་ཚུགས་པའི་ གོ་སྐབས་ཡོད་རུང་ སྙན་ཞུ་ཚུ་ ཕྱིས་སུ་སྦེ་ ལྷོད་པའི་བསྒང་ལས་ ཞིབ་དཔྱད་འབད་ནིའི་དོན་ལུ་ དུས་ཚོད་ལེ་ཤ་འགོརཝ་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment