གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་གུ་ གྲོས་བསྡུར་འབད་ནི།

ནང་འཁོད་རྩུབ་སྤྱོད་ཟེར་ སླབ་པའི་བསྒང་ལས་ སྤྱིར་བཏང་ག་ར་ལུ་ གོ་ནི་ཨིནམ་ལས་ བཟའ་ཚང་རྩུབ་སྤྱོད་ཟེར་ འཁོད་པ་ཅིན་ དྲག་ནི་མས་ཟེར་ སྤུ་ན་ཁའི་འཐུས་མི་ ཚེ་རིང་དཔལ་འབྱོར་གྱིས་ཞུ་ཡི།

མོང་སྒར་དགྲ་མེད་རྩེ་གི་འཐུས་མི་ ཨྱོན་དབང་འདུས་ཀྱིས་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་དང་ ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ཡོད་ནི་དེ་གིས་ ཁྲིམས་ལོགས་སུ་སྦེ་ བརྩམ་དགོཔ་ཅིག་མིན་འདུག་ཟེར་ ཞུ་བའི་བསྒང་།
༉ འབྲུག་གི་ ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་གི་ གནད་དོན་ཐོག་ལུ་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ གྲོས་བསྡུར་འབད་ནི་སྦེ་ ཆ་འཇོག་གྲུབ་ཅི།


དཔྱད་ཡིག་གི་ འགོ་འཛིན་པ་ ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་གྱིས་ མ་གཞི་ འབྲུག་རྒྱལ་ཁབ་འདི་ ནང་པ་ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་ཨིནམ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ དམིགས་གཏད་བསྐྱེད་མི་ རྒྱལ་ཁབ་ཅིག་ཨིནམ་ལས་ དེ་བཟུམ་མའི་ རྩུབ་སྤྱོད་དེ་ འབྱུང་མི་སྲིད་ནི་ཨིན་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ ཁྲིམས་བཟོ་དགོཔ་ཁག་ཆེཝ་སྦེ་ མཐོངམ་མས་ཟེར་ ཚོགས་དམངས་ལུ་ཞུ་ཡི།
དེ་མ་ཚད་ ཁྲིམས་ལུགས་ཚུ་ ཧིང་སང་ས་སྦེ་ འཁོད་དེ་ཡོད་པ་ཅིན་ ཤུལ་ལས་ ཉམས་རྒུད་བྱུང་མི་ཚུ་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིནམ་ད་ མ་གཞི་ རང་གི་ཁྱིམ་ཟེརཝ་ད་ རང་གི་དོན་ལུ་ དགའ་སྐྱིད་འབྱུང་སའི་ ཉེན་སྲུང་དང་ལྡན་པའི་ ས་གོ་ཅིག་ཨིན་རུང་ རང་གིས་ མནོ་བསམ་བཏང་དོ་བཟུམ་སྦེ་ དོན་སྨིན་འགྲུབ་ཚུགས་ནི་དེ་ ལཱ་ཁག་ཡོད་ཟེར་ཞུ་ཡི།
དེ་འབདཝ་ལས་ ནང་འཁོད་རྩུབ་སྤྱོད་ཀྱི་དཔྱད་ཡིག་དེ་ གནད་དོན་དེ་ཚུ་ སེམས་ཁར་བཞག་སྟེ་ བཟོ་བཟོཝ་ཨིན་ཟེར་ དཔྱད་ཡིག་འགོ་འཛིན་པ་གིས་ཞུ་ཡི།
མོང་སྒར་དགྲ་མེད་རྩེ་གི་འཐུས་མི་ ཨྱོན་དབང་འདུས་ཀྱིས་ ཞུ་དོ་བཟུམ་འབད་བ་ཅིན་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་དང་ གཞན་མི་ ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ཟེར་ ཡོད་མི་ལུ་བརྟེན་ རྒྱལ་ཁབ་ནང་ ཁྲིམས་ལོགས་སུ་སྦེ་ བཟོ་དགོཔ་ཅིག་མིན་འདུག་ཟེར་ཨིན་པས།
དཔྱད་ཡིག་དེ་གི་མིང་ལུ་ ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་ཟེར་ བཏགས་མི་དེ་ལུ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་མང་ཤོས་ཅིག་གིས་ར་ མ་བཏུབ་པའི་སྐོར་ལས་ གསལ་ཞུ་འབད་ཡི།
སྤུ་ན་ཁའི་འཐུས་མི་ ཚེ་རིང་དཔལ་འབྱོར་གྱིས་ ནང་འཁོད་རྩུབ་སྤྱོད་ཟེར་ སླབ་པའི་བསྒང་ལས་ སྤྱིར་བཏང་ག་ར་ལུ་ གོ་ནི་ཨིནམ་ལས་ བཟའ་ཚང་རྩུབ་སྤྱོད་ཟེར་ འཁོད་པ་ཅིན་ དྲག་ནི་མས་ཟེར་ཞུ་ཡི།
མོང་སྒར་གྱི་འཐུས་མི་ ཀརྨ་ལྷ་མོ་གིས་ རྒྱལ་ཁབ་ཡར་རྒྱས་འགྱོཝ་དང་འབྲེལ་ ནང་འཁོད་རྩུབ་སྤྱོད་འབད་བའི་ གྱངས་ཁ་དེ་ ལོ་གཅིག་ལས་ལོ་གཅིག་ ཡར་སེང་འགྱོཝ་མ་ཚད་ དུས་ཀྱི་བསྒྱུར་བ་དང་ མིའི་བྱ་སྤྱོད་ཚུ་ འགྱུར་བཅོས་འགྱོ་མི་ལུ་བལྟ་བ་ཅིན་ ཁྲིམས་ལུགས་བཟོ་དགོཔ་དེ་ ཁག་ཆེ་བས་ཟེར་ཞུ་ཡི།
དར་དཀར་ནང་གི་འཐུས་མི་ བསོད་ནམས་རྒྱ་མཚོ་གིས་ ཁྲིམས་རྩམ་པའི་སྐབས་ ཐུགས་བཞེད་རྒྱ་ཆེ་ས་ལས་ གནང་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ རྨགཔ་དང་ གནས་ཚང་ཟེར་མི་དེ་ མི་ཚེ་གཅིག་ གཅིག་ཁར་སྡོད་མི་ གཉེན་གྲོགས་ཨིནམ་ལས་ འཐབ་འཛིང་དང་ ཁ་ཤགས་དུམ་རེ་མ་རྐྱབ་མི་ ག་ཡང་མི་འོང་ཟེར་ཞུ་ཡི།
དེ་འབདཝ་ལས་ ད་ལྟོ་ ཁྲིམས་ནང་ ག་ར་བཀོད་པ་ཅིན་ མ་འོངས་པ་ལུ་ བྱ་སྟབས་བདེ་ཏོག་ཏོ་ཅིག་ མི་འོང་ནི་བཟུམ་སྦེ་ མཐོངམ་མས་ཟེར་ཞུ་ཡི།
དབང་འདུས་ཕོ་བྲང་གི་ འཐུས་མི་གིས་ ནང་འཁོད་རྩུབ་སྤྱོད་བཀག་སྡོམ་གྱི་ དཔྱད་ཡིག་ཟེརཝ་ད་ ཨ་ལུ་དང་ ཨམ་སྲུའི་སྲུང་སྐྱོབ་རྐྱངམ་གཅིག་ལུ་ གོཝ་མས་ཟེར་ཨིནམ་ད་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ ཕོ་སྐྱེས་ཚུ་ཡང་ སྲུང་སྐྱོབ་འབད་དགོཔ་དེ་ གལ་ཆེ་བས་ཟེར་ཞུ་ཡི།
རང་གི་སེམས་དང་ བྱ་བ་སྤྱོད་ལམ་དེ་ར་ ལེགས་ཤོམ་ཡོད་པ་ཅིན་ ཁྲིམས་ཟེར་ ལོགས་སུ་སྦེ་ རྩམ་དགོཔ་ཅིག་ཡང་ མིན་འདུག་ཟེར་ སྤུ་ན་ཁའི་འཐུས་མི་ རྣམ་རྒྱལ་དབང་ཕྱུག་གིས་ གསལ་ཞུ་འབད་བའི་ཁར་ ཁོ་གིས་འབད་བ་ཅིན་ ཁྲིམས་བརྩམ་ནི་ལས་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་བ་ཅིན་ ལྷག་པར་དུ་ དྲག་ནི་བཟུམ་ཅིག་ མཐོངམ་མས་ཟེར་ཞུ་ཡི།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ནང་འཁོད་ཀྱི་རྩུབ་སྤྱོད་དེ་ མང་ཤོས་ར་ ཆང་དང་སྨྱོ་རྫས་ལུ་བརྟེན་ཏེ་ ཐོནམ་མས་ཟེར་གསུངས་ཡི།
ན་ཧིང་ ཐིམ་ཕུ་རྐྱངམ་གཅིག་ནང་ར་ ནང་འཁོད་རྩུབ་སྤྱོད་འབད་བའི་ གནད་དོན་༢༤༤ ཐོན་ཡོདཔ་མ་ཚད་ དུས་ཅི་ སྤྱི་ཟླ་༤ པ་ཚུན་ ནང་འཁོད་རྩུབ་སྤྱོད་༥༦ ཐོན་ཡོད་མི་ལུ་ལྟཝ་ད་ ཚ་གྱང་ཅན་ཅིག་ཨིན་མས་ཟེར་ ཚོགས་དཔོན་གྱིས་ གསུངས་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment