གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཞིབ་དཔྱད་དང་ རྩོད་གཞི་ཚུ་ བསྣར་འགྱངས་ལུས་མི་ལུ་ཚ་གྱང་།

རྒྱལ་པོའི་ཞིང་གི་ ས་ཆའི་རྩོད་རྙོགས་ཀྱི་ ཞིབ་དཔྱད་ཚུ་ ད་ལྟོའི་ སྤྱི་ཚོགས་ཀྱི་ གནས་ཡུན་མ་ཚང་པའི་ཧེ་མར་ མཇུག་བསྡུ་དགོ་པའི་གྲོས་འདེབས།

༡༦/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༡༡ གི་ སྙན་ཞུའི་སྐོར་ གསུང་གྲོས་གནངམ་ད་ འཐུས་མི་ཚུ་གིས་ ངན་ལྷད་དང་འབྲེལ་བའི་ ཞིབ་དཔྱད་དུས་ཚོད་ ཡུན་རིངམོ་འགོར་མི་དང་ ཁྲིམས་འདུན་ཚུ་ནང་ རྩོད་རྙོགས་ཚུ་ བསྣར་འགྱངས་ལུས་མི་དེ་ ཚ་གྱང་ཅན་ཅིག་ཨིནམ་ལས་ བྱ་རིམ་ཚུ་ མགྱོགས་དྲགས་སྦེ་ འབད་ནིའི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ དྲང་ཁྲིམས་ལྷན་སྡེ་༣ མཉམ་རུབ་ཐོག་ལས་ ཐབས་ལམ་བཏོན་དགོ་པའི་ གྲོས་འདེབས་བཀོད་ཅི།


དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་བཀག་དམ་འབད་ནི་ལུ་ བརྩོན་ཤུགས་གང་དྲག་བསྐྱེད་དེ་ ཕྱག་ལཱ་མཛད་བཞིན་དུ་ཡོད་མི་ལུ་ འཐུས་མི་ཚུག་གིས་ ལེགས་བསྟོད་འབད་མི་ལུ་ རྒྱབ་སྐྱོར་འབདཝ་དང་འབྲེལ་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ངན་ལྷད་དང་འབྲེལ་བའི་ རྩོད་དོན་ལེ་ཤ་ཅིག་ ཁྲིམས་འདུན་ཚུ་ནང་ ཡུན་འགྱངས་དང་ བསྣར་བཞག་སྦེ་ ལུས་མི་ཚུ་ལུ་ ཁོ་ཡང་ ཚ་གྱང་ལང་ཡོད་ཟེར་ཞུ་ཡི།
དེ་འབདཝ་ལས་ དྲང་ཁྲིམས་ལྷན་སྡེ་གིས་ རྩོད་གཞི་ཚུ་ ཁྲིམས་འདུན་ལུ་ ལྷོན་ཞིནམ་ལས་ ག་དེ་མགྱོགས་མགྱོགས་ ཕྱག་ལཱ་མཛད་དེ་ འཁྲུན་ཆོད་བཏོན་དགོཔ་བཞིན་དུ་ དེ་མིན་ དྲང་ཁྲིམས་ལུ་ མི་མང་ལས་ བློ་གཏད་དང་ ཡིད་ཆེས་མེདཔ་འགྱོ་ནི་ཨིནམ་མ་ཚད་ ཐེ་ཚོམ་ཡང་སྦོམ་སྦེ་ ཆགས་ནི་གི་ ཉེན་ཁ་ཡོད་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་ཤུལ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་གྱི་དོན་ལུ་ ཁྲིམས་ཀྱི་འདུན་སར་ཕུལ་ཏེ་ རྩོད་གཞི་མཇུག་མ་བསྡུ་བར་ ཡུན་རིངམོ་སྦེ་འགོར་མི་ཚུ་གི་གྲས་ལས་ གཅིག་ དབང་འདུས་ཕོ་བྲང་ ཕོབ་སྦྱིས་ཁའི་གཞུང་ས་ ཚུལ་མིན་གྱི་སྒོ་ལས་ ཉོ་བཙོང་འཐབ་ནི་གི་ དཔའ་བཅམ་མི་དེ་ཨིནམ་ད་ མོང་སྒར་གྱི་འཐུས་མི་ ཀརྨ་ལྷམོ་གིས་ ཕོབ་སྦྱིས་ཁའི་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་དེ་ སྤྱི་ལོ་༢༠༠༧ ལས་ར་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་ཡོད་རུང་ ད་ལྟོའི་བར་ན་ཡང་ འཁྲུན་ཆོད་བཏོན་ནི་མེདཔ་ལས་ དོགས་པ་སྦོམ་ཆགསཔ་མས་ཟེར་ཞུ་ཡི།
མ་གཞི་ ཕོབ་སྦྱིས་ཁའི་ གཞུང་ས་ཨེ་ཀར་༤.༥ གི་ རྩོད་རྙོགས་དེ་ དབང་འདུས་རྫོང་ཁག་ ཁྲིམས་འདུན་གྱིས་ ཁྲམ་སྤོ་སོར་ནང་ འབྲེལ་གཏོགས་འབད་མི་ ག་ལུ་ཡང་ ཁེ་ཕན་མ་ཐོབ་པའི་ཁར་ གཞུང་ས་དེ་ རང་འཇགས་སྦེ་ར་ ལུས་ནུག་ཟེར་ རྩ་ཅན་ཚུ་ ཉེས་གྲོལ་བཏང་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་བའི་ཤུལ་ལུ་  འཁྲུན་ཆོད་འདི་དང་འདི་ཨིན་ཟེར་ མ་བཏོན་པར་ ལུས་ནི་དེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཡིག་སྣོད་ཚུ་ ཁ་ཕྱེ་སྟེ་ར་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ གོ་དོ་བཟུམ་འབད་བ་ཅིན་ རྩོད་གཞི་དེ་ སྤྱི་ལོ་༢༠༠༨ ཀྱི་ སྔ་ཆ་ལུ་ དབང་ཚད་མཐོ་ཤོས་ཀྱི་ བཀའ་རྒྱ་དང་འཁྲིལ་ ཕྱིར་འབུད་བཏང་ཡོད་རུང་ འདི་གི་ཡིག་ཆ་ཚུ་ ཆེ་མཐོ་ཁྲིམས་འདུན་ནང་ མེད་པའི་ཁར་ གནད་དོན་དེ་གི་སྐོར་ལས་ ཁྲིམས་ཀྱི་ཕྱག་ལཱ་གནང་མི་ཚུ་ལུ་ ཤེས་རྟོགས་མེད་པའི་ མངོན་གསལ་བྱུང་ཡི།
མིང་མེད་ཉོགས་བཤད་ལྷོད་མི་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ལུ་ སྤྱི་ལོ་༢༠༠༡-༢༠༠༢ ལུ་ དབང་འདུས་ཕོ་བྲང་གི་ རྫོང་བདག་བགྲེསཔ་ དྲགོས་པདྨ་ཨེལ་རྡོ་རྗེ་དང་ དྲང་དཔོན་བགྲེསཔ་ ཀུན་བཟང་སྟོབས་རྒྱས་ དེ་ལས་ ཕོབ་སྦྱིས་ཁའི་ མི་སྡེའི་འགོ་ཁྲིདཔ་དག་པ་ཅིག་ གཞུང་ས་ཨེ་ཀར་༤.༥ ཡབ་ཨྱོན་རྡོ་རྗེའི་ མཚན་ཐོ་ཁར་ ཁྲིམས་འགལ་གྱི་ཐོག་ལས་ ཁྲམ་སྤོ་སོར་འབད་མིའི་ནང་ འབྲེལ་གཏོགས་ཡོད་པའི་ ངོས་འཛིན་བྱུང་ནུག།
དེ་ལས་ འཐུས་མི་ལེ་ཤ་ཅིག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ ཡུན་རིངམོ་སྦེ་ འགོར་མི་དེ་ མགྱོགས་དྲགས་སྦེ་ འབད་ནི་གི་ ཐབས་ཤེས་བཏོན་དགོ་པའི་སྐོར་ གྲོས་འདེབས་བཀོད་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་ཚེ་རིང་སྟོབས་རྒྱས་ཀྱིས་ མོང་སྒར་རྒྱལ་པོའི་ཞིང་གི་ ས་ཆ་དང་འབྲེལ་བའི་ རྩོད་དོན་ལུ་ གཞི་བཞག་སྟེ་ ཞུ་མིའི་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ མི་སེར་ལས་ བཙག་འཐུ་གྲུབ་སྟེ་ ཕྱག་ལཱ་གནང་ནི་གི་ གོ་སྐབས་ལོ་༡ ཡང་མེདཔ་ལས་ རྒྱལ་ཡོངས་ཚོགས་འདུ་དང་ ཡང་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གང་རུང་ཚུ་ལུ་ རྩོད་རྙོགས་རེ་ཡོད་པ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་གང་མགྱོགས་འབད་དགོཔ་དེ་ ཁག་ཆེ་མི་དེ་ཡང་ ད་ལྟོའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ གནས་ཡུན་སྐབས་ ཞིབ་དཔྱད་མཇུག་མ་བསྡུ་བ་ཅིན་ འཐུས་མི་དང་ མི་སེར་གཉིས་ཆ་ར་ལུ་ གནོད་ནི་དང་ ཞིབ་དཔྱད་ཡང་ ལེགས་ཤོམ་འབད་མི་ཚུགས་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས།
མ་གཞི་ རྒྱལ་པོའི་ཞིང་གི་ ས་ཆའི་རྩོད་རྙོགས་ནང་ འབྲེལ་གཏོགས་ཡོད་མི་ སྤྱི་ཚོགས་ཀྱི་ འཐུས་མི་ག་དང་ག་ར་ཡོདཔ་ཨིན་ན་ ཁོ་ལུ་ ཤེས་རྟོགས་མེད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ ཚ་ངེར་བཏོན་ཏེ་ ཞིབ་དཔྱད་མཇུག་བསྡུ་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བློན་ཆེན་མཆོག་གི་ བཀའ་རྒྱ་དང་འཁྲིལ་ སྤྱི་ལོ་༢༠༡༡ ཟླཝ་༡༠ པའི་ནང་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་ལུ་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་ད་ ཀུན་གསལ་གྱིས་ ལོ་རྒྱུས་གོ་མི་དང་འཁྲིལཝ་ད་ ད་ཚུན་གྱི་བར་ན་ ཚུལ་མིན་གྱི་སྒོ་ལས་ ཁྲོམ་ས་བགོ་བཀྲམ་འབད་མི་ལས་ ཁེ་ཕན་བྱུང་མི་༡༠༠ ལྷགཔ་ཅིག་དང་ ཁོང་དང་འབྲེལ་གནད་ཡོད་པའི་ མི་གཞན་༣༠༠ ལྷགཔ་ཅིག་ལུ་ དྲི་ཞིབ་འབད་ཚར་ཏེ་ ད་ལྟོ་ ཞིབ་དཔྱད་ཀྱི་ མཐའ་བཅད་སྙན་ཞུ་བཟོ་བའི་བསྒང་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་གི་ ཁྲོམ་ས་དེ་ སྤྱི་ལོ་༢༠༠༡-༢༠༠༢ ལུ་ ད་ལྟོའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དེ་ མོང་སྒར་རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ ཚོང་འབྲེལ་དང་ སྡོད་གནས་ས་ཁོངས་ཁག་༢ ལུ་དབྱེ་སྟེ་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ཁེ་ཕན་ཐོབ་མི་ ད་ལྟོའི་སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་གྲས་ལས་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་དང་ ཞབས་ཏོག་བློན་པོ་ཡེ་ཤེས་སྦྱིན་པ་༢ ཨིན་པས།
ད་རུང་ དབང་འདུས་ཕོ་བྲང་གི་འཐུས་མི་ པ་སངས་འཕྲིན་ལས་ཀྱིས་ ཞུ་མིའི་ནང་ བོ་འཇོ་ཐང་ཁྲོམ་གསརཔ་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་རྙོགས་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༦ ལས་ར་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོད་རུང་ ད་ལྟོའི་བར་ན་ཡང་ ཞིབ་དཔྱད་ཀྱི་ སྙན་ཞུ་ཐོན་ནི་མེད་མི་ལུ་བརྟེན་ མི་སེར་ལ་ལུ་ཅིག་ ས་ཆ་མ་ཐོབ་པར་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ དེ་བཟུམ་མའི་ ཞིབ་དཔྱད་བསྣར་འགྱངས་སྦེ་ལུསཔ་ད་ མི་ཚུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བློ་གཏད་དང་ ཡིད་ཆེས་མེདཔ་འགྱོ་དོ་ཟེར་ཞུ་ཡི།
བ་འཇོ་ཁྲོམ་གསརཔ་ནང་ ཁྲོམ་ས་ཚོན་༡༣༨ ཡོད་མི་ལས་ ཚོང་པ་༡༡༡ ལུ་ ཁྱིམ་ས་བགོ་སྤྲོད་འབད་བའི་ཤུལ་ལུ་ མི་༩ འབད་མི་ སྡེ་ཚན་ཅིག་གིས་ ཁྲོམ་ས་བགོ་སྤྲོད་ལམ་ལུགས་ཚུལ་ལྡན་མ་འགྱོ་བའི་སྐོར་ ཞུ་ལོག་རྐྱབ་མི་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༨ ལུ་ཡང་ ཞིབ་དཔྱད་ཐེངས་༢ པ་རྐྱབ་རུང་ ཁྱད་ཆོས་ལམ་ལུགས་ཚུ་དང་མ་འཁྲིལ་བའི་ ནོར་འཁྲུལ་དང་ སྐྱོན་ཚུ་མ་གཏོགས་ ཚུལ་མིན་འཐབ་པའི་ ངོས་འཛིན་མ་བྱུང་པས།
ད་རུང་ ཁྲོམ་དེ་ནང་ ཁྲོམ་ས་༡༢ ལྷག་མཇུག་ལུས་མི་དེ་ འོས་འབབ་ཅན་གྱི་ ཚོང་པ་༢༤ ལུ་ བགོ་བཀྲམ་འབད་ནི་སྦེ་ ཐག་བཅད་ཚརཝ་ད་ ཧེ་མའི་ ཉོགས་བཤད་བཀོད་མི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཞུ་བ་ཕུལཝ་བཞིན་དུ་ མི་དབང་མཆོག་གིས་ ལོག་ཞིབ་དཔྱད་གནང་དགོཔ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཀའ་རྒྱ་གནང་ཡོདཔ་ད་ ལྷན་ཚོགས་ཀྱིས་ དུས་ཅི་ སྤྱི་ཟླ་༢ པ་ལས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཏེ་ འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཉོགས་བཤད་བཀོད་མི་ཚུ་ གཞི་ཁུངས་མེད་པའི་ ངོས་འཛིན་བྱུང་ཡོདཔ་བཞིན་དུ་ ཐག་བཅད་སྙན་ཞུ་དེ་ མི་དབང་མངའ་ཞབས་མཆོག་ལུ་ ཕུལ་ཡོདཔ་ཨིན་པས།
གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ ཐུགས་ཕམ་དང་བཅསཔ་སྦེ་ ཚོགས་དམངས་ལུ་ ཞུ་མིའི་ནང་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ གསོ་བའི་ལྷན་ཁག་ལུ་ ཞིབ་དཔྱད་འབད་དེ་ ལོ་ངོ་༤ ལྷག་སོང་རུང་ མཇུག་བསྡུ་ནི་མེདཔ་ལས་ དེ་གིས་ ལྷན་ཁག་ནང་ ལཱ་འབད་མི་ཚུ་གི་ ལཱ་གི་གྲུབ་འབྲས་ལུ་ བར་ཆད་རྐྱབ་པ་གིས་མ་ཚད་ ལཱ་འབད་ནི་གི་ སྤྲོ་བ་མེདཔ་བཟོ་སྟེ་ཡོད་ཟེར་ཨིན་པས།
གསོ་བའི་བློན་པོ་གིས་འབད་བ་ཅིན་ ཉེས་ལས་འཐབ་མི་ཚུ་ལུ་ ཁྲིམས་ཀྱི་ངོས་ལེན་དམ་དམ་འབད་ནི་ལུ་ རྒྱབ་སྐྱོར་སྒྲིང་སྒྲིང་ཡོད་རུང་ ཞིབ་དཔྱད་ཚུ་ ག་དེ་མགྱོགས་མགྱོགས་འབད་དེ་ མཇུག་བསྡུ་བཏང་པ་ཅིན་ ཉེས་མེད་ལས་གཡོགཔ་ཚུ་ལུ་ དཀའ་སྡུག་མྱོང་དགོཔ་མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ ང་བཅས་ཀྱི་ སྟབས་མ་བདེཝ་ཚུ་ལུ་བལྟ་སྟེ་ ཞིབ་དཔྱད་འཕྲལ་མྱུར་དུ་སྦེ་ མཇུག་བསྡུ་གནང་ཟེར་ གསོལཝ་བཏབ་ཨིན་ཟེར་ བློན་པོ་བཟང་ལེགས་འབྲུག་པ་གིས་ཞུ་ཡི།
དེ་ལས་ འཐུས་མི་ཚུ་གིས་ གཞུང་གི་མཁོ་སྒྲུབ་དང་ མི་སྟོབས་འཛིན་སྐྱོང་ ས་ཆ་དང་འབྲེལ་བའི་ ངན་ལྷད་མངམ་བྱུང་མི་ཚུ་ ད་ལས་ཕར་ ག་དེ་སྦེ་ བཀག་ཐབས་འབད་ནི་ཨིན་ནའི་སྐོར་ གྲོས་འཆར་ཞུ་བའི་ཁར་ མཁོ་སྒྲུབ་ཀྱི་ལག་དེབ་བསྒྱུར་བཅོས་དང་ ངན་ལྷད་བཀག་དམ་འབད་ནིའི་དོན་ལུ་ མི་མང་ལུ་ ཤེས་ཡོན་དང་ གོ་བརྡ་སྤེལ་ནི་ལུ་ ལྷག་པར་དུ་ གཙོ་བོར་བཏོན་དགོཔ་སྦེ་ འཐུས་མི་ཚུ་གིས་ གྲོས་འཆར་བཀོད་ཅི།
རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ རེས་གཟའ་མིག་དམར་ལུ་ ངན་ལྷད་ཀྱི་ གནད་དོན་སྐོར་ལས་ གསུང་གྲོས་འཕྲོ་མཐུད་གནང་སྟེ་ གྲོས་ཆོད་དག་པ་ཅིག་ བཏོན་ནི་གི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment