གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྲོ་བ་གློག་བརྙན་ཁང་གིས་ གཞུང་ལུ་ གླ་འཐུས་དངུལ་ཀྲམ་ས་ཡ་༥.༢ མ་སྤྲོད་པར་ཡོདཔ།

གཞུང་ལུ་ གླ་འཐུས་མ་སྤྲོད་པར་ རྩོད་རྙོགས་ཅན་ལུ་གྱུར་མི་ ལྕང་ཇི་ཇིའི་ སྤྲོ་བ་གློག་བརྙན་ཁང་།
༡༥/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ གཞུང་གིས་ ལོ་ངོ་༦ དེ་ཅིག་གི་ཧེ་མར་ ཐིམ་ཕུ་ལྕང་ཇི་ཇི་ལུ་རྐྱབ་མི་ སྤྲོ་བ་གློག་བརྙན་ཁང་གི་ས་ཆ་ གན་ཡིག་བཟོ་ཐོག་ལས་ སྒེར་མི་ལུ་ གླ་ཁར་སྤྲོད་ཡོད་རུང་ གཞུང་ལུ་ གླ་འཐུས་དངུལ་ཀྲམ་ས་ཡ་༥.༢ མ་ཕུལ་བར་ཡོད་མིའི་སྐོར་ལས་ རྩོད་འགྲན་ཡུན་རིངམོ་སྦེ་ར་ གནང་ཡོད་རུང་ འདས་པའི་གྲོས་ཆོད་དང་ ཁྱད་པར་ག་ཅི་ཡང་ བཟོ་མ་ཚུགས་པས།


དེ་ཡང་ འདས་པའི་ཚོགས་ཐེངས་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ ཞབས་ཏོག་ལྷན་ཁག་ལུ་ ས་ཆ་སྤྱོད་གླ་དང་འབྲེལ་བའི་ དཀའ་ངལ་བསལ་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ ཁ་ཙ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ ཚོགས་དམངས་ལུ་ སྙན་ཞུ་ཕུལ་མིའི་ནང་ ལྷན་ཁག་གིས་ ཞིབ་དཔྱད་འབདཝ་ད་ གཞུང་ལས་ གླར་སྤྱོད་ཀྱི་དོན་ལུ་ལེན་མི་ ས་ཆ་དེ་ ཚོང་འབྲེལ་འཐབ་མི་ སངས་རྒྱས་རྡོ་རྗེ་གིས་ ཀུན་ལེགས་དབང་ཕྱུག་ལུ་ བཙོང་ཡོདཔ་ལས་ ཁོང་གི་བར་ན་ གན་རྒྱ་ཡང་ བཟོ་སྟེ་འདུག་ཟེར་ཨིན་པས།
དེ་འབདཝ་ད་ ཀུན་ལེགས་དབང་ཕྱུག་གིས་ གློག་བརྙན་ཁང་རྐྱབ་པའི་བར་ན་ར་ གཞུང་སའི་རིན་གོང་དེ་ ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༤༢ ལུ་ ཡར་སེང་རྐྱབ་ཡོདཔ་ཨིན་པས།
ཕིཊ་གྲུ་བཞི་༡༩,༥༠༠ དེ་ཅིག་འབད་མི་ གཞུང་དབང་ས་ཆ་དེ་ སྤྱི་ལོ་༢༠༠༦ ལུ་ སངས་རྒྱས་རྡོ་རྗེ་ལུ་ ཕིཊ་གྲུ་བཞི་རེ་ལུ་ ལོ་བསྟར་བཞིན་དུ་ གླ་འཐུས་དངུལ་ཀྲམ་༢ རེ་སྦེ་ གླ་ཁར་སྤྲོད་མི་དེ་ ཤུལ་ལས་ ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༤༢ གུ་ རྩིས་རྐྱབ་ད་ གླ་འཐུས་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༥.༢ ཐོན་དོ་ཡོདཔ་ལས་ ས་ཆ་ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༢ རེ་ རྩིས་བ་ཅིན་ གླ་འཐུས་དངུལ་ཀྲམ་༢༣༣,༠༠༠ དེ་ཅིག་ ཐོནམ་ཨིན་པས།
ཞབས་ཏོག་བློན་པོ་གིས་ ཞུ་མིའི་ནང་ ལྷན་ཁག་གིས་ གླ་ཆ་ལེན་ནིའི་དོན་ལུ་ ཀུན་ལེགས་དབང་ཕྱུག་དང་གཅིག་ཁར་ ལན་ཐེངས་མང་རབས་ཅིག་ ཁ་སླབ་རུང་ ཀུན་ལེགས་དབང་ཕྱུག་གིས་ སངས་རྒྱས་རྡོ་རྗེ་ལས་ ས་ཆ་ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༢ རེ་སྦེ་ ལེན་མི་ལུ་བརྟེན་ གློག་བརྙན་ཁང་ཡང་ དེ་གུ་རྩིས་རྐྱབ་སྟེ་ བཟོ་སྐྲུན་འབད་ཡོདཔ་ལས་ ཤུལ་ལས་ ས་རིན་སེངམ་ད་ ཁོ་ལུ་ ཁེ་ཕན་མིན་འདུག་ཟེར་སླབ་སྟེ་ གླ་འཐུས་སྤྲོད་མ་བཏུབ་པས་ཟེར་ཨིན་པས།
ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ གློག་བརྙན་ཁང་རྐྱབ་སའི་ ས་ཆ་དེ་ ཤུལ་ལས་ གཞུང་གིས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ལུ་ སྤྲོད་ནི་དེ་གིས་ གཞུང་བཞེས་མཛད་རུང་ དེ་ནང་ ཁྱིམ་དང་ གནས་གོང་སྦོམ་གནས་པའི་ འཕྲུལ་ཆས་ལེ་ཤ་ བཙུགས་ཡོད་ནི་དེ་གིས་ སྟབས་མ་བདེཝ་འདུག་ཟེར་ཨིན་པས།
དཀའ་ངལ་དེ་ བསལ་ཐབས་ལུ་ གཞུང་གིས་ གླ་ཁར་སྤྲོད་མི་ ད་ལྟོའི་ས་ཆ་དེ་ ཁྱིམ་བཟོ་གོང་འཕེལ་ལས་འཛིན་དང་ ཀུན་ལེགས་དབང་ཕྱུག་གི་བར་ན་ ཁ་སླབ་ཞིནམ་ལས་ གོང་ཚད་སྒྲིག་སྟེ་ ཁོ་ལུ་ བཙོང་ཐོག་ལས་ སྟབས་བདེ་ཏོག་ཏོ་བཟོ་དགོཔ་འདུག་ཟེར་ བློན་པོ་ཡེ་ཤེས་སྦྱིན་པ་གིས་ཞུ་ཡི།
ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ ས་ཆ་ཉོ་བཙོང་གི་ སྟབས་བདེ་སྡུག་བསལ་ནིའི་དོན་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ ཡི་གུ་ཅིག་ བཏང་ཡོདཔ་ལས་ དེ་གི་ལན་དང་འཁྲིལ་ཏེ་ ད་ལས་ཕར་ དཀའ་ངལ་ བསལ་ཐབས་འབད་འོང་ཟེར་ཨིན་པས།
དེ་འབདཝ་ད་ ཞགས་ཏོག་བློན་པོ་གིས་ གཞུང་ས་བཙོང་ནི་གི་ གྲོས་འཆར་ཕུལ་མི་དེ་ལུ་ འཐུས་མི་ཚུ་གི་ཁ་ཐུག་ལས་ རྒྱབ་འགལ་སྒྲིང་སྒྲིང་འབད་ཡི།
ལྡོག་ཕྱོགས་ཚོགས་པའི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ ཞུ་མིའི་ནང་ ཧེ་མར་ ཞབས་ཏོག་ལྷན་ཁག་དང་ སངས་རྒྱས་རྡོ་རྗེའི་བར་ན་ གཞུང་ས་གླ་ཁར་སྤྲོད་མིའི་ གན་རྒྱ་བཟོ་མིའི་ནང་ དོན་ཚན་དང་ ཁ་ཚིག་དག་པ་ཅིག་ཡོད་མི་ལས་ གཅིག་ ས་ཆ་ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༢ རེ་སྦེ་ བཙོང་མི་དེ་ གཞུང་གི་ཁྲིམས་ལུགས་ལྟར་ ཡར་སེང་རྐྱབ་པ་ཅིན་ དེ་ལུ་ གནས་དགོ་ཟེར་ བཀོད་དེ་ཡོདཔ་ལས་ ཀུན་ལེགས་དབང་ཕྱུག་གིས་འབད་རུང་ ཡར་སེང་རྐྱབ་མིའི་ གླ་འཐུས་ཐོག་ལུ་ སྤྲོད་དགོཔ་འོང་ཟེར་ཨིནམ་ད་ གལ་སྲིད་ མི་རེ་གཉིས་ལུ་ གཞུང་དབང་ས་ཆ་ དེ་སྦེ་བཙོང་པ་ཅིན་ གླ་ཁར་ལེན་ཏེ་སྤྱོད་མི་ དཔེར་ན་ སྐལ་སྐྱིད་སློབ་གྲྭ་བཟུམ་ ལེ་ཤ་ཡོདཔ་ལས་ གཞན་ལུ་ཡང་ སྐྱིད་སྡུག་འདྲ་མཉམ་གནང་ཚུགས་དང་མི་ཚུགས་ ཐུགས་ཁར་བསྣམས་ཏེ་ ཕྱག་ལཱ་གནང་དགོཔ་ལས་ རྩོད་གཞི་དེ་ ཁྲིམས་འདུན་ལུ་ གཏང་དགོ་ཟེར་ཞུ་ཡི།
དམངས་རྩིས་ཚོགས་ཆུང་གི་འཐུས་མི་ བསོད་ནམས་དཔལ་འབྱོར་གྱིས་འབད་བ་ཅིན་ སངས་རྒྱས་རྡོ་རྗེའི་ གན་རྒྱ་དེ་ལུ་ ཀུན་ལེགས་དབང་ཕྱུག་གིས་ གནས་དགོ་པའི་ཁར་ གླ་འཐུས་དངུལ་ཀྲམ་འབུམ་༥༢ ལྷགཔ་ཅིག་ ལེན་དགོཔ་ཡོད་མི་དེ་ གཞུང་གིས་ གང་མགྱོགས་སྦེ་ར་ ལེན་དགོཔ་འདུག་ཟེར་ཨིནམ་ད་ གལ་སྲིད་ ད་ལྟོ་བཟུམ་ ཡུན་འགྱངས་སྦེ་ར་ ལུས་སོ་པ་ཅིན་ ཉེས་བྱ་ཚུ་ བཀལ་བའི་བསྒང་ལས་ དངུལ་འབོར་ཧེང་སྐལ་ར་ ཡར་སེང་འགྱོ་འོང་ཟེར་ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཞུ་མིའི་ནང་ ས་ཆ་དེ་ ཀུན་ལེགས་དབང་ཕྱུག་ལུ་ བཙོང་པ་ཅིན་ མིག་དཔེ་བཟུམ་ཅིག་ འགྱོ་ནི་ཨིནམ་ལས་ དེ་བཟུམ་མའི་ སྟབས་བདེཝ་མ་བདེཝ་ཚུ་ ཧེ་མ་ལས་ར་ བསལ་དགོཔ་དེ་ གལ་ཆེ་ཟེར་ཨིནམ་ད་ གླ་འཐུས་ཡར་སེང་འགྱོ་མི་དེ་ཡང་ ལམ་ལུགས་དང་འཁྲིལ་ཏེ་ར་ སེང་སེངམ་འོང་ནི་ཨིནམ་ལས་ ས་གི་གླ་འཐུས་ སྤྲོད་མ་ཚུགས་མི་ མི་ངོམ་དེ་གིས་ ས་རིན་ཡང་ སྤྲོད་མི་ཚུགས་ཟེར་ཞུ་ཡི།
དམངས་གཙོའི་རིང་ལུགས་ནང་ ཁྲིམས་བདག་འཛིན་འཐབ་ནི་དེ་ ག་ནི་བ་ གལ་ཆེཝ་ལས་  གཞུང་གིས་འབད་རུང་ གན་རྒྱ་དང་འཁྲིལ་ ཕྱག་ལཱ་མཛད་དགོཔ་མ་ཚད་ གན་རྒྱ་ལུ་ མ་གནས་པ་ཅིན་ ཁྲིམས་ཀྱི་ལམ་ལུགས་དང་འཁྲིལ་ཏེ་ ཁྲིམས་འདུན་ལུ་ གཏང་དགོ་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ཞུ་ཡི།
ཨིན་རུང་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ རྩོད་རྙོགས་དེ་ ཞབས་ཏོག་ལྷན་ཁག་གིས་ བསལ་དགོ་པའི་སྐོར་ལས་ ཧེ་མ་ལས་ གྲོས་ཆོད་བཏོན་ཡོདཔ་ལས་ ཁྲིམས་འདུན་ལུ་ མ་གཏང་པར་ ཞབས་ཏོག་བློན་པོ་གིས་ གནད་དོན་དེ་གུ་ལུ་ ཕྱག་ལཱ་འཕྲོ་མཐུད་དེ་ གནང་ཐོག་ལས་ འཕྲལ་མགྱོགས་ར་ བསལ་ཐབས་མཛད་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment