གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཇིགས་མེད་ཆོས་གླིང་གི་ ཁྱིམ་ལྷག་མཇུག་༣ བརྡལ་བཤིག་གཏང་ནི།

༡༥/༠༦/༢༠༡༢   
མི་ཚུ་གིས་འབད་བ་ཅིན་ གཞུང་ལམ་ལས་ ཕིཊ་༥༠ གི་ ནང་འཁོད་ལུ་ རྐྱབ་མ་ཆོག་པའི་ འཁོར་ལམ་བཅའ་ཁྲིམས་དེ་ སྤྱི་ལོ་༢༠༠༤ ལས་བརྒལ་ བསྟར་སྤྱོད་མ་འབད་རུང་ ས་གནས་ཀྱི་ ཁྱིམ་མང་ཤོས་ར་ སྤྱི་ལོ་༡༩༨༠ གྱ་གྲངས་ལུ་ རྐྱབ་ཡོད་ཟེར་ཨིན་པས།
འཁོར་ལམ་གྱི་ཟུར་རམ་བདའ་སྟེ་ ཁྱིམ་རྐྱབ་མི་འཇིགས་མེད་ཆོས་གླིང་གི་ ཡན་ལག་ཁྲོམ།

༉ དགེ་ལེགས་ཕུག་དྲུང་ཁག་ འཇིགས་མེད་ཆོས་གླིང་ཡན་ལག་ཁྲོམ་ནང་ ཚུལ་མིན་གྱི་སྒོ་ལས་ གཞིས་ཆགས་མི་ སྡོད་ཁྱིམ་༣ གྱི་ གློག་ཐག་ཚུ་ ད་རིས་ལས་ བཏོག་གཏང་ནི་ཨིན་པས།



དེ་ཡང་ ཁྱིམ་གུང་༣ གཞུང་ས་ནང་ ཁྲིམས་འགལ་ཐོག་ རྐྱབ་ཡོད་མི་ལུ་བརྟེན་ དྲུང་ཁག་བདག་སྐྱོང་གིས་ བདུན་ཕྲག་གསུམ་གྱི་ཧེ་མ་ བརྡལ་བཤིག་གཏང་དགོ་པའི་ བརྡ་བསྐུལ་འབད་ཡོད་རུང་ ཇོ་བདག་ཚུ་གིས་ ཉན་ཁུག་བཏབ་མ་བཏུབ་མི་ལུ་བརྟེན་ཨིན་པས།
དགེ་ལེགས་ཕུག་གི་དྲུང་པ་ པདྨ་དབང་འདུས་ཀྱིས་ སླབ་མིའི་ནང་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁ་ཙ་ཚུན་ཚོད་ དྲུང་ཁག་གི་ བརྡ་བསྐུལ་ལུ་ ངོས་ལེན་འབད་མ་བཏུབ་ལས་ ད་རིས་ལས་འགོ་བཙུགས་ བདུན་ཕྲག་༡ ཚུན་ཚོད་ གློག་མེའི་མཐུན་རྐྱེན་བཏོག་བཞག་ནི་ཟེར་ཨིན་པས།
དེ་བསྒང་ཡང་ ཁོང་གིས་ བཀའ་ཁྱབ་ལུ་ ཆ་གནས་མ་འབད་བ་ཅིན་ དྲུང་ཁག་བདག་སྐྱོང་གིས་ འཕྲུལ་ཆས་ཨིསི་ཀེ་བེ་ཊར་ཅིག་ བདའ་ཐོག་ལས་ ཁྱིམ་དེ་ཚུ་ བརྡལ་གཏང་ནི་ཟེར་ དྲུང་པ་གིས་ སླབ་ཨིན་པས།
རྩི་ས་གིས་རྐྱབ་མི་ སྒྲིང་ཁྱིམ་ཐོག་ཚད་༢ འབད་མིའི་ ཁྱིམ་ཅིག་གི་ཇོ་བདག་ རྒཔོ་བགྲེསཔ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ད་རེས་ནངས་པ་ ཁོ་གི་ཁྱིམ་ནང་སྡོད་མི་ བཟའ་ཚང་འཐུས་མི་༡༠ ལྷགཔ་ཅིག་ཡོདཔ་ལས་ ཁྱིམ་བཤུབ་བཏང་པ་ཅིན་ ཁྱིམ་གུང་གསུམ་གྱི་ བཟའ་ཚང་ཚུ་ལུ་ སྡོད་གནས་མེདཔ་ཐལ་འོང་ཟེར་ཨིན་པས།
རྒཔོ་བགྲེསཔ་གིས་འབད་བ་ཅིན་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁོང་རའི་ རང་དབང་ས་ཆ་ནང་ ཁྱིམ་རྐྱབ་ཡོདཔ་ལས་ ལག་ཁྲམ་དང་ གུང་ཨང་ཚུ་ཡོད་ཟེར་ཨིནམ་ད་ ང་གིས་ སྒྲིང་ཁྱིམ་གྱི་ཟུར་ཁར་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་མི་༡ བཤུབ་བཏང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
ཁྱིམ་གྱི་ཇོ་བདག་གཞན་ཅིག་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་དང་ ཀྲོང་གསར་གྱི་ གཞུང་ལམ་རྒྱ་བསྐྱེད་འབད་ནིའི་ ཕན་ཐབས་ལུ་ ཁྱིམ་ཚུ་ ཧེ་མ་ལས་ར་ བཤུབ་དགོཔ་སྦེ་ བཀའ་རྒྱ་གནང་ཡོད་རུང་ གཞུང་ལམ་དེ་ ཁོང་གི་ཁྱིམ་ཚུ་ལུ་ གནོད་སྐྱོན་མེདཔ་སྦེ་ རྒྱ་བསྐྱེད་འབད་ཚར་ཡོདཔ་ལས་ དཀའ་ངལ་ཅིག་ མི་མཐོང་པས་ཟེར་ཨིན་པས།
དགེ་ལེགས་ཕུག་ཁྲོམ་ལས་ གཞལམ་སྒང་གི་ གཞུང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༣༣ གྱི་ས་ཁར་ཡོད་མི་ འཇིགས་མེད་ཆོས་གླིང་ལུ་ འཁོར་ལམ་གྱི་ ཟུར་བདའ་སྟེ་ གཞིས་ཆགས་མི་ཚུ་ མེདཔ་བཟོ་བ་ཅིན་ ལོ་ངོ་ལེ་ཤ་ཅིག་གི་ཧེ་མ་ལས་ ཚོང་ཁང་བཙུགས་སྡོད་མི་ དག་པ་ཅིག་ལུ་ གྱོང་རྒུད་ཕོག་ནི་ཨིནམ་མ་ཚད་ ས་གནས་དེ་ཁར་ སྡོད་མི་ཚུ་ ཉོ་བཙོང་རྐྱབ་པར་ དགེ་ལེགས་ཕུག་ལུ་ འགྱོ་དགོཔ་ལས་ ཟད་འགྲོ་ཐེབས་གནས་ནི་མས་ཟེར་ ས་གནས་ཀྱི་ མི་ཚུ་གིས་ སླབ་ཨིན་པས།
དྲུང་པ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༩ ཟླཝ་༤ པའི་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ གཞུང་ས་དང་ འཁོར་ལམ་གྱི་ཕིཊ་༥༠ ནང་འཁོད་ལུ་ ཁྱིམ་རྐྱབ་མ་ཆོག་པའི་ ས་ཁོངས་ནང་སྡོད་མི་ ཁྱིམ་གུང་༢༡ ལོ་ངོ་༡ གི་ནང་འཁོད་ལུ་ བཤུབ་དགོཔ་སྦེ་ བཀའ་རྒྱ་གནང་ཡོད་རུང་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁྲིམས་ཀྱི་བཀའ་རྒྱ་དང་འཁྲིལ་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ དྲུང་ཁག་གིས་ སྤྱི་ལོ་༢༠༡༡ ཟླཝ་༥ པའི་ནང་ ཁྱིམ་དག་པ་ཅིག་ བརྡལ་བཤིག་བཏང་ཡི་ཟེར་ཨིན་པས།
དེ་འབདཝ་ད་ ད་ལྟོ་ཡོད་མི་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཆེ་མཐོའི་དབང་འཛིན་ཚུ་ལུ་ སྐྱིད་སྡུག་ཞུ་བར་ བཅར་ནི་དེ་གིས་ ཁྲིམས་ཀྱི་བཀའ་རྒྱ་བསྟར་སྤྱོད་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་རུང་ ད་རིས་འབད་བའི་བསྒང་ལས་ ཁྱིམ་དེ་ཚུ་ བརྡལ་བཤིག་གཏང་དགོ་པའི་ བཀའ་རྒྱ་ཐོབ་ཅི་ཟེར་ དྲུང་པ་པདྨ་དབང་འདུས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment