གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ཀྲམ་༡༣༤,༨༦༩ དེ་ཅིག་གནས་པའི་ ཡུ་ཨེསི་ཌོ་ལར་དང་ ཡུ་རོ་ཚུ་ འཕྲོག་བཅོམ་འབད་ཡོདཔ།

༡༣/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༡༠ གྱི་ དྲོ་པའི་ཆུ་ཚོད་༣ དང་ སྐར་མ་༤༥ དེ་ཅིག་ཁར་ ཐིམ་ཕུ་ ཨ་མཱན་ཀོ་ར་སྐྱིད་གནས་ཁང་ནང་ ཧང་སྟོང་མར་ འཕྲོག་བཅོམ་འབད་མི་ ཕོ་སྐྱེས་ཅིག་ ཐོན་ཏེ་ཡོངས་བསྡོམས་དངུལ་ཀྲམ་༡༣༤,༨༦༩ དེ་ཅིག་གནས་པའི་ ཡུ་ཨེསི་ཌོ་ལར་དང་ ཡུ་རོ་ དངུལ་ཀྲམ་ དེ་ལས་ ཁག་ཆེ་བའི་ཡིག་ཆ་དང་ དྲན་ཐོ་ཚུ་ འཕྲོག་བཅོམ་འབད་ཡོདཔ་ཨིན་པས།


རྐྱེན་ངན་བྱུང་བའི་སྐབས་ ནུབ་མོ་ སྒྲིག་གཡོག་རྒྱུག་སྡོད་མི་ ཨམ་སྲུ་ཅིག་ཡོདཔ་ད་ ཨམ་སྲུ་དེ་གི་ སླབ་མི་དང་འཁྲིལཝ་ད་ བྱ་སྤུའི་ཇེ་ཀེཌ་དང་ ཇིནསི་གི་དོརམ་ཧོནམོ་ དེ་ལས་ ཞྭམོ་བཙུགས་མི་ ཕོ་སྐྱེས་དེ་ གདོང་གུ་ གཤག་བཅོས་འབད་བའི་ མཚན་རྟགས་འདུག་ཟེར་ཨིན་པས།
ཨམ་སྲུ་དེ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ ཧང་སྟོང་མར་ ཡིག་ཚང་གི་སྒོ་ཕྱེ་སྟེ་ ནང་ན་འཛུལ་འོང་ཞིནམ་ལས་ མོ་ལུ་ གྱི་ཅུང་དཔག་སྟེ་ ཏི་རུ་འབག་ཤོག་ཟེར་ སླབ་མ་ཚད་ ཏི་རུ་མ་བྱིན་པ་ཅིན་ གྱི་གསོབ་ནི་ཟེར་ འཇིགས་སྐུལ་འབད་ཡི་ཟེར་ སླབ་ཨིན་པས།
མོ་ར་ འདྲོག་བྱེལ་འཐབ་པའི་ཤུགས་ཀྱིས་ ཡིག་ཚང་ནང་ རྒྱུག་སོང་ཞིནམ་ལས་ རྐང་ཁྲི་ཅིག་གི་འོག་ལུ་ གཡིབ་སྡོད་པའི་སྐབས་ ཁོ་གིས་ ཏི་རུ་མ་བྱིན་པ་ཅིན་ གྱི་གསོབ་ནི་ཟེར་སླབ་ལས་ མོ་རའི་ སྲོག་སྐྱབས་ཀྱི་དོན་ལུ་ ཏི་རུ་བཞག་སའི་ སྒྲོམ་གྱི་ལྡེ་མིག་ ཕྱེ་བྱིནམ་ལས་ སྒྲོམ་ནང་ཡོད་པའི་ ཏི་རུ་དང་ ཡིག་ཆ་ཚུ་ག་ར་ བཏོན་འབག་སོང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ སྒྲོམ་ནང་ཡོད་མི་ ཏི་རུ་དང་ ཡིག་རིགས་ དེ་ལས་ ཅ་ཆས་ཚུ་ འཐུ་འབག་པའི་ཤུལ་ལུ་ བརྒྱུད་འཕྲིན་ཐགཔ་ཡང་ བཏོགས་བཏང་ཡོདཔ་མ་ཚད་ མོ་གིས་ མཐོང་དོ་བཟུམ་འབད་བ་ཅིན་ ཁྱིམ་གྱི་སྒོ་ཅུང་རྩ་བར་ ཕོ་སྐྱེས་གཞན་མི་ཅིག་ཡང་ སྡོད་ནུག་ཟེར་ཨིནམ་ད་ ཕོ་སྐྱེས་དེ་གི་ ཨར་རྐུན་འབད་མིའི་ ཆ་རོགས་འོང་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
ཕོ་སྐྱེས་དེ་གིས་ ཨར་རྐུན་འབད་ཞིནམ་ལས་ མོ་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བ་ཅིན་ མོ་བསད་ནི་ཨིན་ཟེར་སླབ་སྟེ་ བྱོག་ཡར་སོ་ཡི་ཟེར་ཨིན་པས།
ཕོ་སྐྱེས་དེ་ ཕྱི་ཁར་ཐོན་འགྱོཝ་ཅིག་ ནང་ན་ལས་ སྒོ་ལྡེ་མིག་རྐྱབ་སྟེ་ འཛིན་སྐྱོང་པ་ལུ་ བརྒྱུད་འཕྲིན་བཏང་རུང་ འཐུ་མ་བཏུབ་ལས་ མོ་རའི་ཨ་པ་དང་ཆ་རོགས་ཅིག་ལུ་ བརྒྱུད་འཕྲིན་བཏང་ཡོདཔ་ད་ དུས་ཡུན་སྐར་མ་༥ འི་རྒྱབ་ལས་ སྒྲིག་གཡོག་རྒྱུག་མི་ སོ་སོ་ལྷོདཔ་ད་ ཁྲིམས་སྲུང་འགག་པ་ལུ་ བྱུང་རྐྱེན་དེ་གི་སྐོར་ སྙན་ཞུ་འབད་ཡོདཔ་བཞིན་དུ་ དྲོ་པའི་ཆུ་ཚོད་༦ ལུ་ ཁྲིམས་སྲུང་འགག་པ་ཚུ་ ས་ཁོངས་ནང་ འོང་ཡོདཔ་ཨིན་པས།
སྐྱིད་གནས་ཁང་གི་ ལས་བྱེདཔ་ཚུ་གིས་འབད་བ་ཅིན་ ས་ཁོངས་དེ་ ཉེན་སྲུང་སྒྲིང་སྒྲིང་ཡོད་ནི་དེ་གིས་ རྐྱེན་ངན་བྱུང་དགོཔ་ཅིག་མེད་རུང་ དེ་བཟུམ་མའི་ རྐྱེན་ངན་དེ་ ག་དེ་སྦེ་བྱུང་ཡི་ག་ ཧ་གོ་མི་ཚུགས་པས་ཟེར་ཨིནམ་ད་ རྐྱེན་ངན་བྱུང་བའི་སྐབས་ ལས་བྱེདཔ་གཞན་༥ སྒྲིག་གཡོག་རྒྱུག་སྟེ་ཡོདཔ་མ་ཚད་ ཇི་ཕོར་ཨེསི་སྲུང་རྒྱབ་༣  ཡང་ཡོད་ཟེར་ཨིན་པས།
སྲུང་རྒྱབ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཉེན་སྲུང་ལྟ་སྐོར་འབད་བའི་སྐབས་ མི་གཞན་ག་ཡང་ མ་མཐོང་ཟེར་ཨིནམ་ད་ མི་ངན་ཚུ་ ག་དེ་སྦེ་ ནང་ན་འཛུལ་ཡོདཔ་ཨིན་ན་ ཤེས་མ་ཚུགས་ཟེར་ཨིན་པས།
བྱུང་རྐྱེན་དེ་ སྐྱིད་གནས་ཁང་ནང་ ཐེངས་༢ པ་ཨིནམ་ད་ སྐྱིད་གནས་ཁང་གི་ འཛིན་སྐྱོང་པ་ ཚེ་དབང་ནོར་བུ་གིས་ སླབ་མི་དང་འཁྲིལཝ་ད་ བྱུང་རྐྱེན་དེ་ འགོ་དང་པ་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ཚེས་༢༦ ལུ་བྱུང་ཡི་ཟེར་ཨིནམ་ད་ དེ་བསྒང་ རིན་གོང་དངུལ་ཀྲམ་ས་ཡ་ཕྱེད་དང་༢ དེ་ཅིག་གནས་པའི་ གསེར་གྱི་རྒྱན་ཆ་ཚུ་ ཨརཝ་ཤོར་སོ་ཡི་ཟེར་ཨིན་པས།
སྐྱིད་གནས་ཀྱི་ ལས་གཡོགཔ་ཚུ་དང་འཁྲིལཝ་ད་ ཉམས་རྒུདཔ་ཚུ་དང་ ལས་གཡོགཔ་གཞན་ཚུ་གི་ ཉེན་སྲུང་གི་ གནད་དོན་ཐད་ལུ་ འཕྲལ་མགྱོགས་ར་ གྲོས་བསྟུན་འབད་ནི་ཟེར་ཨིན་པས།
སྐྱིད་གནས་ཁང་ནང་ ནང་འཁོད་ཀྱི་ལས་བྱེདཔ་༩༤ དང་ ཕྱིའི་མི་ཁུངས་༤ དེ་ལས་ སྲུང་རྒྱཔ་༡༠ དེ་ཅིག་ ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བྱུང་རྐྱེན་༢ ཀྱི་སྐོར་ལས་ ད་ལྟོ་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment