གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མདའ་རྩེདཔ་ཅིག་ལུ་ མདའ་ཕོག་སྟེ་ ཤི་རྐྱེན་བྱུང་ཡོདཔ།

༡༨/༠༦/༢༠༡༢   ༉ འདས་པའི་རེས་གཟའ་ཉི་མ་ལུ་ ཐིམ་ཕུ་ དཀར་སྦིས་སའི་ འབའ་ཐང་ནང་ ཕྱི་རྒྱལ་གྱི་མདའ་གཞུ་ཐོག་ལས་ སྤྱིར་བཏང་མདའ་རྩེད་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་པའི་སྐབས་ མདའ་རྩེདཔ་ཅིག་ལུ་ མདའ་ཕོག་མི་ལུ་བརྟེན་ ཁ་ཙ་དྲོ་པ་ཤི་རྐྱེན་བྱུང་ཡོདཔ་ཨིན་པས།


རྐྱེན་ངན་དེ་ ཕྱི་རུའི་ཆུ་ཚོད་༥ དང་སྐར་མ་༣༠ དེ་ཅིག་ཁར་ བྱུང་ཡོདཔ་ད་ གནས་ཚུལ་བཤད་མི་ཅིག་གིས་འབད་བ་ཅིན་ དེ་བསྒང་ སྐྱེས་ལོ་༤༢ ལང་མི་ ཚེ་འདས་ཕོ་སྐྱེས་དེ་ འབའ་སྐྱོར་ནང་ལས་ མདའ་རྐྱབ་ཚར་ཏེ་ འབའ་སྐྱོར་གཞན་མིའི་ནང་ འགྱོ་བའི་སྐབས་ མདའ་རྩེདཔ་གཞན་ཅིག་ མདའ་ཤོར་སོཔ་ལས་ ཁོ་ལུ་ ཕོག་ནུག་ཟེར་ སླབ་ཨིན་པས།
མིང་གསང་བཞག་མི་ཅིག་གིས་ སླབ་མིའི་ནང་ སྒལ་ཏོ་གི་ གཡོན་ཁ་ཐུག་ལུ་ མདའ་ཕོག་མི་ ཕོ་སྐྱེས་དེ་ དེ་འཕྲོ་ལས་ སྨན་ཁང་ནང་བསྐྱལ་ཏེ་ གཤག་བཅོས་ཐོག་ མདའ་བཏོན་བཀོག་ཡོདཔ་ཨིན་རུང་ ཁ་ཙ་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ ཤི་སོ་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་ བྱུང་བའི་སྐབས་ འགྲན་བསྡུར་མཇུག་བསྡུ་ནི་ལུ་ སྐོར་ཐེངས་༢ དེ་ཅིག་ལུ་ ལྷོད་ཡོདཔ་ད་ ཚེ་འདས་ཕོ་སྐྱེས་དེ་ ཨ་རྟག་ར་ བདུན་ཕྲག་ངལ་གསོ་ཚུ་ནང་ མདའ་རྩེད་དོ་ཡོདཔ་མ་ཚད་ མདའ་ལེགས་ཤོམ་སྦེ་ རྐྱབ་མི་ཅིག་ཨིན་ཟེར་ གནས་ཚུལ་བཤད་མི་ཚུ་གིས་ སླབ་ཨིན་པས།
ཀུན་གསལ་གྱིས་ དཀར་སྦིས་ས་ལུ་ འབའ་ཐང་གསརཔ་ཅིག་ བཟོ་ཚར་བའི་ཤུལ་ལུ་ འགོ་འབྱེད་ཀྱི་ རྩེད་འགྲན་འབདཝ་ད་ རྐྱེན་ངན་བྱུང་ཡོད་པའི་ ལོ་རྒྱུས་གོ་ཡོད་རུང་ གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ལོ་རྒྱུས་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ འབའ་ཐང་དེ་ནང་ མདའ་རྐྱབ་སྟེ་ བདུན་ཕྲག་དག་པ་ཅིག་ ལང་སོ་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
ཚེ་འདས་ཀྱི་ གཤག་བཅོས་འབད་མི་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཌོག་ཊར་ཅིག་གིས་ སླབ་མིའི་ནང་ ཚེ་འདས་ཀྱི་གཟུགས་ཁར་ གཏིང་ཚད་ སེན་ཊི་མི་ཊར་༥ དེ་ཅིག་ མདའ་འཛུལ་མི་ལུ་བརྟེན་ ཁྲག་རྩ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ མེདཔ་བཏང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྨ་གཏིང་རིངམོ་སྦེ་བཏོན་མི་ལུ་བརྟེན་ ཁྲག་ཚད་ལས་བརྒལ་ཐོན་ཏེ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ སླབ་ཨིན་པས།
འདས་པའི་ལོ་ཚུ་ནང་ཡང་ དེ་བཟུམ་སྦེ་ མདའ་ཕོག་པའི་ རྐྱེན་ངན་ལེ་ཤ་ཅིག་ར་བྱུང་ཡོདཔ་ད་ གློག་རིག་ཡོངས་འབྲེལ་ནང་བཀོད་མི་ བརྡ་དོན་དང་འཁྲིལཝ་ད་ ཕྱི་རྒྱལ་གྱི་ མདའི་ཤུགས་ཚད་དེ་ དུས་ཡུན་སྐར་ཆ་རེ་ལུ་ ཕིཊ་༡༥༠ ལས་༣༧༠ ཚུན་ འགྱོ་ཚུགསཔ་ཨིན་རུང་ མང་ཤོས་ར་ སྐར་ཆ་རེ་ལུ་ ཕིཊ་༣༢༠ རེ་ འགྱོ་དོ་ཡོདཔ་སྦེ་ བཀོད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment