གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ཡོངས་གྲགས་ཅན་གྱི་ རླུར་དར་གྱི་ དགོས་པ།

གཤིན་པོའི་དོན་ལུ་འཕྱར་མི་ ཡི་གེ་དྲུག་མའི་དར།
༉ འབྲུག་ལུ་ ནང་པ་སངས་རྒྱས་པའི་བསྟན་པའི་སྲོལ་བཙུགས་སྟེ་ དུས་རབས་ལེ་ཤ་ཅིག་སོང་ཡོདཔ་ལས་བརྟེན་ ནང་པའི་རིག་གཞུང་དང་འབྲེལ་བའི་ ལམ་སྲོལ་མང་རབས་ཅིག་གིས་ ཕྱུག་པའི་གྲས་ལས་ ལྷག་པར་དུ་ འབྲུག་ནང་འཁོད་ག་ཏེ་ར་འགྱོ་རུང་ ཁ་དོག་སྣ་ལྔའི་རྒྱན་ཏེ་ཡོད་པའི་དར་ཚུ་འཕྱར་ཏེ་ མཛེས་ཆ་ཅན་སྦེ་མཐོང་གསལ་བྱུངམ་ཨིན་མས།
སྒང་བདའ་སྟེ་སྤྲིངས་བཞག་མི་རླུང་དར།
ཟམ་གུ་སྤྲིངས་བཞག་མི་ཆུ་དར།


དར་ལྷམ་པ་མ་འདྲཝ་ལེ་ཤ་ཡོད་པའི་གྲས་ལས་ རླུང་དར་ཟེར་མི་དེ་ གཙོ་བོ་ར་ གླིང་གེ་སར་དང་ རྒྱལ་མཚན་རྩེ་མོའི་གཟུངས་སྔགས་ཚུ་ རང་སོའི་ ལོ་རྟགས་དང་ ཁམས་ ས་ ཆུ་ ཤིང་ མེ་བཞི་ལས་ ག་ཅི་ཕོགཔ་ཨིན་ན་དང་འཁྲིལ་ཏེ་ དར་རས་ཀྱི་ཚོས་གཞི་གདམ་ཁ་རྐྱབ་ཞིནམ་ལས་ རླུང་མ་ཤུགས་སྦེ་འཕུར་སའི་ས་གནས་ རི་དང་ བྱག་གི་མགོ་ལུ་ ཟམ་ དེ་ལས་ ལ་ཁ་མཐོ་ས་ཚུ་ནང་ལས་ཕར་ འཕྱར་སྲལ་ཡོད་མི་དེ་ འབྲུག་མི་ན་གཞོན་ཨ་ལུ་ཅིག་གིས་ཡང་ ཤེས་རྟོགས་ཡོད་པའི་ ལམ་སྲོལ་ དར་ཁྱབ་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ཀྲོང་གསར་སྟག་རྩེ་ སྐད་ཡིག་དང་ལམ་སྲོལ་ མཐོ་རིམ་སློབ་གྲྭའི་ནང་ལས་ བསོམ་ནམས་ཀྱིས་འབད་བ་ཅིན་ ཁོ་དང་ ཆ་རོགས་སློབ་འཕྲུག་ཚུ་གིས་ ཆོས་རྒྱུགས་རནམ་ད་ རླུང་དར་འཕྱར་ནི་ལུ་ གཙོ་བོ་བཏོནམ་ཨིནམ་ད་ རླུང་དར་ཟེར་མི་དེ་ རང་གི་དབང་ཐང་དང་ རླུང་རྟ་རྒུད་པའི་གནས་སྟངས་སེལ་ཏེ་ དབང་རླུང་ དར་རྒྱས་འཕེལ་གསུམ་གྱི་ནུས་པ་འཇུག་པའི་ དགོས་པ་སྦོམ་ཡོད་ཟེར་ བླམ་དང་ སློབ་དཔོན་ཚུ་གིས་ བཤད་སྲོལ་ཡོད་མི་ལུ་ ཡིད་ཆེས་བསྐྱེད་དེ་ ལག་ལེན་འཐབ་ནི་ཡོད་ཟེར་ཨིན་པས།
རླུང་དར་འཕྱར་ནི་དེ་ མི་དང་ སེམས་ཅན་ག་ར་ཨིན་རུང་ རང་གི་ དབང་ཐང་དང་ རླུང་རྟ་རྒུད་མི་ཚུ་ དར་བཅུག་ནིའི་དོན་ལུ་འཕྱར་དོ་ཡོད་མི་དེ་ཡང་ རྒྱལ་མཚན་རྩེ་མོ་བཟུམ་ཅིག་འབད་བ་ཅིན་ ལྷ་ཡུལ་གྱི་གནས་ སུམ་ཅུ་རྩ་གསུམ་ལུ་ ལྷའི་དབང་པོའི་ དབང་རླུང་ཉམས་རྒུད་ལུ་ཐུག་སྟེ་ ལྷ་མིན་ལུ་དབང་མ་ཐུབ་པའི་གནས་སྐབས་ལུ་ བསྟན་པ་རིན་པོ་ཆེ་ལུ་ རྒྱུ་མཚན་ག་ཅི་ལུ་བརྟེན་ཨིན་ན་ཞུ་བའི་སྐབས་ སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་གིས་ དབང་ཐང་དང་ རླུང་རྟ་ཉམས་པ་ལུ་བརྟེན་ ཚེ་དང་ ལོངས་སྤྱོད་ སྟོབས་དང་ནུས་པ་ བློ་དང་ རིག་པའི་གནས་ལུ་ཡང་ ཉམས་པ་བྱུང་སྟེ་ཡོདཔ་ལས་ དེ་ཚུ་ དར་བའི་ཐབས་ལུ་ རླུང་རྟའི་གཞུང་གཙོ་བོ་ རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་དེ་ གསུངས་ཡོདཔ་ལས་ དུས་དེ་ལས་ཚུར་ རླུང་རྟ་བསག་ནི་དང་ རླ་རྟའི་དར་འཕྱར་སྲོལ་ཚུ་ དར་ཁྱབ་ཡོདཔ་ཨིན་པས།
བུམ་ཐང་ལས་ སློབ་དཔོན་དབང་གྲགས་ཀྱིས་འབད་བ་ཅིན་ རླུང་རྟའི་གཞུང་གཙོ་བོ་ རྒྱལ་མཚན་རྩེ་མོ་ཨིན་རུང་ ད་རེས་ནངས་པ་ གེ་སར་གྱི་རླུང་རྟ་དང་ སྒྲོལ་མའི་རླུང་རྟ་ལ་སོགས་པ་ བླ་ཆེན་དམ་པ་ཚུ་གིས་ གསུངས་གསུངསམ་ལེ་ཤ་ར་འདུག་ཟེར་ཨིན་པས།
སྒེར་ངོ་མི་རེའི་དོན་ལུ་འབད་བ་ཅིན་ རླུ་རྟ་དེ་ དར་སྦེ་འཕྱར་ནི་དང་ ཡང་ཅིན་ རླུང་རྟའི་སྔགས་བསག་ནི་ཚུ་འབདཝ་ཨིན་རུང་ རྒྱལ་ཁབ་དང་ བཟའ་ཚང་སྤྱིའི་དོན་ལུ་འབད་བ་ཅིན་ རླུང་རྟའི་དོས་ཆོག་བཏང་ནི་དང་ རླུང་རྟའི་ཕོ་བྲང་ཚུ་བཞེངས་ཏེ་ འབད་སྲོལ་སྣ་ཚོགས་སྦེ་ཡོདཔ་ཨིན་ཟེར་ཨིན་པས།
རླུང་རྟའི་དར་འཕྱར་ནི་དེ་ བོད་དང་འབྲུག་རྒྱལ་ཁབ་ཀྱི་ ཐེག་པ་ཆེན་པོའི་ ཆོས་གཞུང་གི་རིང་ལུགས་ནང་མ་གཏོགས་ མཐོང་གསལ་མེདཔ་ཨིན་རུང་ ད་རེས་ནངས་པ་ ནང་པའི་ཆོས་ཀྱི་སྲོལ་དེ་ ཕྱི་རྒྱལ་ཁབ་ཚུ་ནང་ཡང་ དར་ཁྱབ་སོང་ཡོདཔ་ལས་ ཕྱི་མི་ཚུ་གིས་ཡང་ རླུང་དར་འཕྱར་ནི་ལུ་ དང་འདོད་བསྐྱེད་དོ་ཡོདཔ་མ་ཚད་ འབྲུག་མི་ཚུ་གིས་ ཏཱའི་ཝཱན་ལུ་འགྱོ་བའི་སྐབས་ རང་སོའི་ངོ་ཤེས་ འདྲིས་ཤེས་ཚུ་ལུ་ ཁྱོསམ་སྦེ་ ཉོ་འབག་འགྱོ་མི་ཡང་འདུག་ཟེར་ ཐིམ་ཕུ་སློབ་གྲྭའི་རྫོང་སློབ་ འཕྲིན་ལས་ཀྱིས་བཤདཔ་ཨིན་པས།
ལྟ་བཤལ་ལམ་སྟོན་པ་ བསོད་ནམས་དཔལ་ལྡན་གྱིས་ སླབ་མིའི་ནང་ ཕྱི་ལས་ལྟ་བཤལ་དང་ གནས་སྐོར་ལུ་འོང་མི་ ནང་པའི་མགྱོནམ་ལ་ལུ་ཅིག་གིས་ རླུང་དར་འཕྱར་ནི་ལུ་ སྤྲོ་བ་བསྐྱེད་མི་ཡང་འདུག་ཟེར་ཨིནམ་ད་ ཕྱི་མི་ཚུ་གིས་ དར་འཕྱར་ཡོད་པའི་མཐོང་གསལ་བྱུངམ་ད་ སེམས་དགའ་ཏོག་ཏོ་དང་ སྐྱིད་ཉམས་ལྡན་ཏོག་ཏོ་འབད་བའི་ ཚོར་སྣང་འདུག་ཟེར་བའི་ལོ་རྒྱུས་སླབ་མི་ ལེ་ཤ་ཐོན་ནི་འདུག་ཟེར་ཨིན་པས།
ཨིན་རུང་ རེ་གཉིས་ཀྱིས་ དར་འཕྱར་ཡོད་པའི་ས་གནས་ཚུ་ནང་ དར་རྙིངམ་ཚུ་ ས་ཁར་ག་ལྷོད་སྦེ་ ལུས་མི་གིས་ ས་གནས་ཁམས་ལོག་སི་སི་བཟོ་དོ་ཡོདཔ་ལས་ དར་རྙིངམ་ཚུ་བསྡུ་བསྒྱོམ་འབད་དེ་ བདག་འཛིན་ཐབས་དགོཔ་བཟུམ་སྦེ་མཐོངམ་མས་ཟེར་བའི་ བསམ་འཆར་བཀོད་མི་རེ་ཡང་ ཐོནམ་མས་ཟེར་ཨིན་པས།
དང་ཕུ་གི་ལུགས་སྲོལ་ལུ་འབད་བ་ཅིན་ དར་ཚུ་འཕྱརཝ་ད་ ཤིང་དང་ སྤག་ཤིང་ལག་ལེན་འཐབ་ནི་མ་གཏོགས་ ད་རེས་ནངས་པར་བཟུམ་སྦེ་ ཐགཔ་གུ་དཔྱངས་ཐོག་ལས་ ལག་ལེན་འཐབ་ནི་མེདཔ་ཨིན་རུང་ དེང་སང་གི་ཐབས་བྱུས་དེ་གིས་ རང་བཞིན་ཉམས་སྲུང་དང་ལྡན་པའི་ ལག་ལེན་ཅིག་ཨིན་པས་ ངལ་རངས་བྱུང་མི་ཡང་ ལེ་ཤ་ཡོདཔ་ཨིན་པས།
དར་ཤིང་འཕྱར་ཐངས་དེ་ཡང་ དར་པར་ཨོཾ་དང་ ཧཱུཾ་གཉིས་ཤིང་གུ་སྦྲགས་ཐངས་ཀྱི་སྐོར་ལས་ མི་མང་ལུ་ མགུ་རྙོགས་བྱུང་དོ་ཡོདཔ་ཨིན་རུང་ སྤྱིར་བཏང་ལུ་འབད་བ་ཅིན་ གསོན་པོའི་དོན་ལུ་ ཨོཾ་ཕྱི་ཁར་དང་ གཤིན་པོའི་དོན་ལུ་ ཧཱུཾ་ཕྱི་ཁར་བཏོན་དགོཔ་སྦེ་ དར་ཤིང་གི་ཕན་ཡོན་ཚུ་ནང་ གསལ་བཀོད་འབད་ཡོདཔ་ཨིན་རུང་ བླམ་ཚུ་གིས་འབད་བ་ཅིན་ འདི་གཉིས་གདམ་ཁ་ཨིན་ཟེར་གསུང་དོ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment