གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་རྫོང་བདག་གིས་ སྣུམ་འཁོར་དེད་གཡོག་པའི་ ཆོག་ཐམ་འཕྱོག་འབག་སོང་ཡོདཔ།

༡༤/༠༦/༢༠༡༢   ༉ མོང་སྒར་ཁྲོམ་དང་ ཤར་ཕྱོགས་རྫོང་ཁག་དག་པ་ཅིག་ནང་ ཚོད་བསྲེ་བཀྲམ་སྤེལ་འབད་མི་ བློ་བཟང་དེ་ འདས་པའི་བདུན་མཐའི་རེས་གཟའ་ཉི་མ་ལུ་ མོང་སྒར་ལས་ བཀྲ་ཤིས་སྒང་ཁ་ཐུག་ལུ་ འགྱོ་བའི་ལམ་བར་ ཁོ་གིས་ སྣུམ་འཁོར་ ཌི་སི་ཨེམ་དེ་ ཡ་ལྡི་ཁྲོམ་ཁར་ལྷོདཔ་ད་ བསྒུགས་སྡོད་ཡོདཔ་ཨིན་པས།


དེམ་ཅིག་གི་བར་ན་ ཁོ་གི་སྣུམ་འཁོར་རྟིང་བདའ་སྟེ་ གཞུང་འཁོར་ པཱ་ར་ཌོ་བདའ་མི་ཅིག་འོང་མི་གིས་ཡང་ ཁོ་གི་སྣུམ་འཁོར་བཞག་སའི་སྦོ་ལོགས་ཁར་བཀག་ཞིནམ་ལས་ ཁྱོད་ག་ཏེ་ལས་སྨོ་ཟེར་ དྲིས་བཀོད་འབདཝ་ད་ ང་མོང་སྒར་ལས་ཨིན་ཟེར་ཞུ་བའི་ལན་ལུ་ སྣུམ་འཁོར་ནང་ལས་ དབང་ཚད་ཅན་བཟུམ་ཨིན་མི་ མི་ཅིག་ཐོན་འོང་སྟེ་ ཁྱོད་ཀྱི་ ཆོག་ཐམ་འབག་ཤོག་ཟེར་སླབ་སྟེ་ དབང་ཤུགས་ཐོག་ལས་ དེད་གཡོག་པའི་ཆོག་ཐམ་འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ གནད་དོན་ག་ཅི་ལུ་བརྟེན་ཏེ་ ཆོག་ཐམ་འཕྱོག་འབགཔ་ཨིན་ནའི་སྐོར་ལས་ ཁ་གསལ་ག་ནི་ཡང་མེད་པའི་ཁར་ ག་ཏེ་ལུ་སྙན་ཞུ་འབད་དགོཔ་ཨིན་ནིའི་སྐོར་ལས་ ག་ནི་ཡང་སླབ་མ་བཏུབ་ཟེར་ཨིན་པས།
སྣུམ་འཁོར་བཏང་མི་དེད་གཡོགཔ་དེ་ལུ་ འབད་ས་བཅའ་ས་ག་ནི་ཡང་མེདཔ་ལས་ གཞུང་འཁོར་གྱི་ ཨང་གྲངས་དེ་ ཐོ་བཀོད་འབད་བཞག་སྟེ་ ཤུལ་ལས་ ཕར་ཚུར་དྲིས་ཞིབ་འབད་དེ་ཤེས་པའི་བསྒང་ལས་ བཀྲ་ཤིས་སྒང་རྫོང་བདག་གི་ སྒྲིག་གཡོག་གཞུང་འཁོར་དེ་ ཨིན་མས་ཟེར་ཨིན་པས།
བློ་བཟང་གིས་ཀུན་གསལ་ལུ་སླབ་མིའི་ནང་ ཁོ་གི་ཆོག་ཐམ་ ཧང་སྟོང་མར་འཕྱོག་བཟུང་འབད་འབག་སོང་མི་ལུ་བརྟེན་ གལ་སྲིད་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཞིབ་དཔྱད་འབད་མི་དང་ ཁ་ཐུག་རྐྱབ་པ་ཅིན་ ཁོ་ལུ་ ཆོག་ཐམ་མེད་ནི་དེ་གིས་ ཉེས་ཆད་བཀལ་འོང་མནོ་སྟེ་ སྣུམ་འཁོར་དེ་ ལཱ་མ་འབད་བར་ ཉིནམ་༤ དེ་ཅིག་ཡར་སོ་ཡི་ཟེར་ཨིན་པས།
འགྲོ་འགྲུལ་འབདཝ་ད་ གཞུང་འཁོར་དང་ ངེ་སྣུམ་འཁོར་གྱི་བར་ན་ ས་སྟོང་ མི་ཊར་༥༠༠ དེ་ཅིག་ཡོདཔ་བཞིན་དུ་ ཁོང་གིས་ ང་བདའ་མ་ཟུན་པའི་ཁར་ ང་ལུ་འཛོལ་བ་ག་ནི་ཡང་མེད་རུང་ སྣུམ་འཁོར་ཆོག་ཐམ་ འཕྱོག་འབག་ནི་དེ་གིས་ གཞུང་གི་ལམ་ལུགས་ཚུ་ནང་ ག་དེ་སྦེ་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ ཁོ་གིས་སླབ་ཨིན་པས།
བཀྲ་ཤིས་སྒང་རྫོང་བདག་ ལུང་བསྟན་རྡོ་རྗེ་གིས་ འགྲུལ་འཕྲིན་ཐོག་ལས་ དྲི་བཀོད་འབད་བའི་སྐབས་ སླབ་མི་དང་འཁྲིལཝ་ད་ དེད་གཡོགཔ་དེ་གི་ ཆོག་ཐམ་ལེན་འབག་དགོ་མི་དེ་ ཁོ་གིས་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏངམ་མ་ཚད་ ཟུར་འགྱོ་ནིའི་ ས་གོ་བྱིན་མ་བཏུབ་པའི་ཁར་ དགོད་བྲ་བཟོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་ མོང་སྒར་ཀོ་རི་ལ་ལས་ ཡ་ལྡི་ཚུན་ སྣུམ་འཁོར་གྱི་བརྡ་སྐད་རྐྱབ་སྟེ་འབད་རུང་ ས་གོ་བྱིན་མ་བཏུབ་པའི་ཁར་ ཡ་ལྡི་ཁྲོམ་ཁར་ སྣུམ་འཁོར་བཀག་སྡོད་ས་ལྷོདཔ་ད་ བསླབ་བཀོད་འབད་རུང་ དེ་ལུ་ དགོད་བྲ་བཟོ་ནི་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ཁ་བཀོད་འབད་བཅུག་ནིའི་དོན་ལུ་ ཆོག་ཐམ་ལེན་འབག་འབགཔ་ཨིན་ཟེར་ཨིན་པས།
རྫོང་བདག་གིས་བཤད་མིའི་ནང་ དེ་བསྒང་ ཐིམ་ཕུ་ལས་ བཀྲ་ཤིས་སྒང་ལུ་ འགྱོ་བའི་ལམ་ཁར་ཨིནམ་ད་ ཁོ་དང་གཅིག་ཁར་ ཁོ་རའི་དེད་གཡོགཔ་དང་ སྐུ་སྒེར་ལས་རོགསཔ་ཡོདཔ་བཞིན་དུ་ ཆོག་ཐམ་དེ་ དེ་ཚེ་རེ་ བཀྲ་ཤིས་སྒང་ལྕགས་ཟམ་ ཁྲིམས་སྲུང་འགག་པའི་ སྒོ་ར་ཁ་ལུ་ སྤྲོད་བཞག་ཡོད་ཟེར་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ སྣུམ་འཁོར་དེད་གཡོགཔ་ཚུ་ལུ་ ཉེས་ཆད་བཀལ་ནི་དང་ ཆོག་ཐམ་ལེན་ནི་ཚུ་ སྣུམ་འཁོར་བརྡ་སྟོན་ཁྲིམས་སྲུང་འགག་པ་དང་ སྒྲིག་བགོ་ནང་ཡོད་པའི་ ཤོག་བྱང་འཆང་མི་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་ལུ་ རྐྱངམ་གཅིག་མ་གཏོགས་ གཞན་ག་ལུ་ཡང་ དབང་ཚད་མེད་ཟེར་ཨིན་པས།
ལམ་ལུགས་ལྟར་དུ་འབད་བ་ཅིན་ གཞུང་ལམ་བདའ་སྟེ་ བྱ་སྤྱོད་ངན་པ་རེ་འབད་མི་དེད་གཡོགཔ་ཚུ་གི་ སྣུམ་འཁོར་གྱི་ཨང་གྲངས་དེ་ར་ འབྲེལ་ཡོད་དབང་འཛིན་དང་ ཁྲིམས་སྲུང་འགག་སྡེ་ལུ་ བྱིན་བཞག་ནི་མ་གཏོགས་ འདི་བཟུམ་སྦེ་ དེ་འཕྲོ་ལས་ ཆོག་ཐམ་འཕྱོག་བཟུང་འབད་ནི་དེ་ སྒྲིག་གཞི་དང་འགལཝ་མས་ཟེར་ཨིན་པས།
སྤྱིར་བཏང་ཁྲིམས་ལས་འགལ་བའི་བྱ་ངན་དང་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་མི་ ལམ་ལུགས་དང་མ་འཁྲིལ་བར་བཏང་མི་ཚུ་ལུ་ བསླབ་བྱ་བྱིན་ནི་ རྐྱངམ་གཅིག་མ་གཏོགས་ དེ་ལུགས་ཀྱི་ཉོགས་བཤད་ཚུ་ འབྲེལ་ཡོད་དབང་འཛིན་ལུ་ བཀལ་དགོཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment