གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་ རྒྱལ་ཡོངས་ཨོ་ལིམ་པིག་ཉིནམ་བརྩི་སྲུང།

ཊཱའི་ཀོན་ཌོའི་ འགྲེམས་སྟོན་འབད་བའི་བསྒང།
༉ སྐྱེས་ལོ་༢༤ ལང་མི་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ ལས་རིམ་འགོ་དཔོན་འོག་མ་ འཇིགས་མེད་འཕྲིན་ལས་ཀྱིས་འབད་བ་ཅིན་ ཁོ་རའི་ཆ་རོགས་༢ དང་གཅིག་ཁར་ བཀྲིས་གཡང་རྩེ་ལས་ ཧཱ་ཚུན་ལུ་ རྐང་འཁོར་སའི་ཀཱལ་ བཏང་སྟེ་འོང་བའི་སྐབས་ ལ་ཁར་ལྷོདཔ་ད་ རླུང་དར་འཕྱརཝ་མ་ཚད་ ལྷ་ཁང་ཚུ་ནང་ དཀར་མེ་ཕུལ་ཚུགས་ནི་དེ་གིས་ སྤྲོ་བ་སྦོམ་བྱུང་ཡི་ཟེར་སླབ་ཅི།
མཛོག་ཁྱད་འགྲེམས་སྟོན་འབད་བའི་བསྒང་།
རྐང་འཁོར་སའི་ཀཱལ་བཏང་མི་༣ རྩེད་ཐང་ནང་ལྷོད་པའི་མཐོང་སྣང


སྡེ་ཚན་དེ་གིས་ རྒྱལ་ཡོངས་ཨོ་ལིམ་པིག་གི་ཉིནམ་ བརྩི་སྲུང་དང་འབྲེལ་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ལུ་ ཧཱ་ཨོ་རྒྱན་རྡོ་རྗེ་ འབྲིང་རིམ་སློབ་གྲྭ་གོང་མའི་ རྩེད་ཐང་ནང་ལྷོད་ཡོདཔ་ད་ ཉིནམ་བརྩི་སྲུང་ནང་ བཅའ་མར་གཏོགས་མི་ཚུ་གིས་ གདོང་བསུ་འབད་ཡི།
ཝིལསི་ཕོར་ ཧིལསི་ལས་ སྐྱེས་ལོ་༢༤ ལང་མི་ བསོད་ནམས་ཚེ་རིང་གིས་འབད་བ་ཅིན་ དེ་སྦེ་ རྐང་འཁོར་བཏང་སྟེ་ འོང་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཡོངས་ཨོ་ལིམ་པིག་ ཉིནམ་བརྩི་སྲུང་འབད་ནི་དང་ ཤུལ་ལས་ བཀྲིས་གཡང་རྩེ་ལས་ ཧཱ་ཚུན་ རྐང་འཁོར་འགྲན་བསྡུར་ འགོ་འདྲེན་འཐབ་ནི་ལུ་ ཞིབ་འཚོལ་འབད་བར་ཡང་ ཨིན་ཟེར་སླབ་ཅི།
རྐང་འཁོར་བཏང་མི་ཚུ་གིས་འབད་བ་ཅིན་ མ་གཞི་ འགྲུལ་བསྐྱོད་དེ་ སྤྲོ་སྣང་ཅན་བྱུང་ཡོདཔ་ཨིན་རུང་ ལམ་བདའ་སྟེ་ སྣུམ་འཁོར་བཏང་མི་ཚུ་གིས་ བར་ཆད་དུམ་གྲ་རེ་རྐྱབ་ཅི་ཟེར་ཨིནམ་ད་ དེ་ཡང་ རྒྱབ་ལས་འོང་མི་ སྣུམ་འཁོར་ཚུ་གིས་ བརྡ་སྐད་ཤུགས་སྦེ་རྐྱབ་སྟེ་ ཨེབ་འོང་མི་དང་ གདོང་ཁ་ལས་འོང་མི་ཚུ་གིས་ཡང་ འཐུ་བཀོ་སག་ས་སྦེ་ འོང་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
སྤུ་ན་ཁའི་ཚོ་དྲུང་ སྐྱེས་ལོ་༢༤ འབད་མི་ ཚེ་དབང་ཕུན་ཚོགས་ཀྱིས་འབད་བ་ཅིན་ ད་རེས་ཀྱི་ རྐང་འཁོར་སའི་ཀཱལ་བཏང་སྟེ་  བཀྲིས་གཡང་རྩེ་ལས་ ཧཱ་ཚུན་འོང་མི་དེ་ ཐག་རིང་ཤོས་དང་ འགོ་དང་པ་ཨིན་ཟེར་ཨིནམ་ད་ རྫོང་ཁག་དེ་༢ ཀྱི་བར་ན་ ཀི་ལོ་མི་ཊར་༧༢༥ ལྷགཔ་ཅིག་ ཡོདཔ་ཨིན་པས།
ལས་རིམ་བརྩི་སྲུང་གི་སྐབས་ལུ་ སྐུ་མགྲོན་གཙོ་བོ་ ཧཱ་རྫོང་བདག་གིས་ གསལ་བཤད་འབད་བའི་སྐབས་ དུས་ཅི་གི་ རྒྱལ་ཡོངས་ཨོ་ལིམ་པིག་གི་ཉིནམ་ རྒྱལ་ཡོངས་ནགས་ཚལ་གྱི་ཉིནམ་དང་ དུས་མཉམ་སྦེ་ཕོག་མི་དེ་ འགོ་དང་པ་ཨིནམ་ལས་ སྤྲོ་སྣང་ཅན་དང་ རྒྱལ་རབས་ཅན་ཅིག་ཨིན་མས་ཟེར་སླབ་ཅི།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཨོ་ལིམ་པིག་གི་ རྩེད་རིགས་ཚུ་ གོང་འཕེལ་གཏང་དགོཔ་དེ་ ག་ནི་བ་ གལ་ཆེ་མི་དེ་ཡང་ ད་ལྟོ་ཚུན་ འབྲུག་པའི་ རྩེད་རིག་པ་ཚུ་གིས་ རྒྱལ་ཁབ་གཞན་ནང་ བཅའ་མར་གཏོགས་མ་ཚུགས་པར་ ལུས་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ ད་ལས་ཕར་ ལེགས་ཤོམ་སྦེ་ འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་སླབ་ཅི།
འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ སོ་ནམ་ཀརྨ་ཚེ་རིང་གིས་འབད་བ་ཅིན་ ཚོགས་སྡེ་གིས་ ན་གཞོན་ག་ར་ལུ་ རྩེད་རིགས་ཀྱི་ གོ་སྐབས་སྤྲོད་ནིའི་ དམིགས་གཏད་བསྐྱེད་དོ་ཡོདཔ་བཞིན་དུ་ འགྲོས་ཀྱིས་སྦེ་ དམིགས་དོན་དེ་ འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་སླབ་ཅི།
ཁོ་གིས་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ ཚོགས་སྡེ་ལུ་ མ་དངུལ་དང་ གཞི་རྟེན་མཁོ་ཆས་ དེ་ལས་ ལྕོགས་གྲུབ་ཅན་གྱི་ མི་སྟོབས་མེད་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ ལོ་བསྟར་བཞིན་དུ་ རྒྱལ་ཡོངས་འཆར་དངུལ་ལས་ བརྒྱ་ཆ་༠.༡༨ མ་གཏོགས་ ཐོབ་ནི་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ རྩེད་རིགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ཡང་ བརྒྱ་ཆ་༢ ལས་བརྒལ་ཏེ་མེད་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ སླབ་ཅི།
བསོད་ནམས་ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ཨོ་ལིམ་པིག་གི་ཉིནམ་དེ་ རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་པ་ གཞི་བཙུགས་ཀྱི་ཉིནམ་ རྗེས་དྲན་འབད་ནིའི་དོན་ལུ་ སྤྱི་ལོ་༡༩༤༨ ལས་ འགོ་བཙུགས་ཡོདཔ་ད་ ད་རེས་ རྒྱལ་ཁབ་༡༦༠ གིས་ བརྩི་སྲུང་འབདཝ་ཨིན་ཟེར་ཨིན་པས།
ཤར་ཕྱོགས་ལས་ ནུབ་ཕྱོགས་ཚུན་ རྐང་འཁོར་སའི་ཀཱལ་བཏང་སྟེ་འོང་མི་ཚུ་གིས་ ལྷ་ཁང་དང་ དགོན་སྡེ་ དེ་ལས་ མཆོད་རྟེན་ལེ་ཤ་ཅིག་ནང་ དཀར་མེ་ཚུ་ཕུལ་ཡོད་མི་ཚུ་ཡང་ ཉིནམ་དེ་ བརྩི་སྲུང་འབད་ནི་དང་ སྤྱི་ལོ་༢༠༡༢ ལུ་ ལཱོན་ཌཱོན་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མི་ ཨོ་ལིམ་པིག་ རྩེད་འགྲན་ལས་རིམ་ལུ་ གུས་གཏུད་ཞུ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཉིནམ་དེ་ཁར་ ཁྲི་མངའ་གསོལ་གྱི་ བང་རྒྱུག་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་ཚུ་ཡང་ བགོ་བཀྲམ་འབད་ཡི།
དེ་བཟུམ་སྦེ་ བཅའ་མར་གཏོགས་མི་ཚུ་གིས་ཡང་ བང་རྒྱུག་ལས་རིམ་ཅིག་ནང་ བཅའ་མར་གཏོགས་ཡོདཔ་མ་ཚད་ འབྲུག་པའི་ ཨོ་ལིམ་པིག་རྩེད་རིགས་ ཊའི་ཀཱོན་ཌོ་དང་ མཛོག་ཁྱད་ ཕུཌ་བཱོལ་ མདའ་རྩེད་ པར་རིས་འགྲན་བསྡུར་ གཟུགས་སྟོབས་སྒྲིང་སྒྲིང་བཟོ་ཐངས་ཀྱི་ ཁ་བཀོད་ལས་རིམ་དང་ ཉིན་མའི་ལྟོ་ཟ་ཞིནམ་ལས་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་དང་ ཨིམ་ཊཱཊ་གི་བར་ན་ བཱསི་ཀེཊི་བཱོལ་གྱི་ འགྲན་བསྡུར་ཅིག་ཡང་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment