| ཕའི་དུང་གི་ཞིང་པ་ཚུ་ བྱཱ་འཛུགས་སྐྱོང་འབད་བའི་བསྒང་། |
གནམ་བྱཱར་གྱི་དུས་ཚོད་ཁར་ ལྕང་ལཱ་རྐྱབ་པའི་སྐབས་ལུ་ གཡུས་མི་ཚུ་གི་བར་ན་ ཆུའི་སྐོར་ལས་ སྟབས་མ་བདེཝ་ཐོན་དོ་ཡོདཔ་མ་ཚད་ ཞིང་ནང་ཆུ་དཔག་ནིའི་དོན་ལུ་ ལྟོ་འབག་ཐོག་ལས་ ཆུ་གཡུར་བདའ་སྟེ་ ཆུ་སྲུང་སྡོད་དགོ་མི་ལུ་བརྟེན་ ཞག་ཡང་ རི་ཁ་ལུ་ཉལ་དགོཔ་ཐོན་དོ་ཡོདཔ་ལས་ དུས་ཅིག་གཡུས་ཚན་དེ་ནང་ ཆརཔ་རྩ་ལས་ར་རྐྱབ་ནི་མེད་མི་ལུ་བརྟེན་ གནས་སྟངས་དེ་ཧེང་སྐལ་ར་ སྐྱོ་དྲག་ལུ་གྱུར་ཡོདཔ་ཨིན་པས།
ལྷུན་རྩེ་རྫོང་ཁག་ སྟག་མོ་ཆུ་གཡུས་ཚན་བཟུམ་ཅིག་ནང་འབད་བ་ཅིན་ བྱཱ་དེ་ ལོ་ཐོག་གཙོ་བོ་ཅིག་ཨིནམ་ད་ དུས་ཅི་ དེ་བཟུམ་གྱི་ ཆར་ཆུ་དཀོན་པའི་མནོ་བསམ་མེད་མི་དེ་ཡང་ གཡུས་ཚན་དེ་ནང་ ལྕང་ལཱ་ ཕྱེད་ཀ་རྐྱབ་ཚུགས་ནི་དེ་གིས་ཨིན་རུང་ གནམ་གཤིས་ཀྱི་ གནས་སྟངས་ལུ་འགྱུར་བ་མེད་པར་སྡོད་དེ་ ཆརཔ་རྐྱབ་མ་བཏུབ་པ་ཅིན་ དུས་ཅི་ལོ་ནང་ བྱཱ་གི་ལོ་ཐོག་བསྡུ་ཚུགས་ནི་ལུ་ ལཱ་ཁག་བཏང་ནི་མས་ཟེར་ཨིན་པས།
བྱཱ་ཞིང་ཚུ་ནང་ལས་ ལོ་བསྟར་བཞིན་དུ་ རེད་བྲེ་༣༠༠༠ དེ་རེ་ བསྡུ་ཚུགསཔ་ཨིན་རུང་ དུས་ཅི་ ག་དེ་སྦེ་བསྡུ་ལེན་འབད་ཚུགས་ག་ཟེར་བའི་ དོགས་པ་ཡོད་མི་དེ་ཡང་ ཆརཔ་མེད་ནི་དེ་གིས་ བདུན་ཕྲག་༢ དེ་ཅིག་གི་ཧེ་མ་ གླང་དོར་༢ དེ་ཅིག་གི་ས་ཆ་ནང་ བྱཱ་འཛུགས་སྐྱོང་འབད་མི་ཚུ་ཡང་ སྐམ་དོ་ཡོདཔ་ལས་ སང་ཕོད་ལས་ རྒྱ་ཆུམ་ཉོ་བཟའ་དགོཔ་འབྱུང་ནི་མས་ཟེར་ཨིན་པས།
སྟག་མོ་ཆུ་གཡུས་ཚན་གྱི་མཇུག་ལུ་ཡོད་པའི་ ཕའི་དུང་གཡུས་ཚན་གྱི་ སོ་ནམ་པ་ཚུ་གིས་སླབ་མིའི་ནང་ གཡུས་ཚན་དེ་ནང་ ལྕང་ལཱ་རྐྱབ་པའི་སྐབས་ལུ་ ཆུའི་སྐོར་ལས་འཐབ་འཛིང་འབད་དགོཔ་ཐོན་མི་དེ་ཡང་ ཁྱིམ་གུང་པ་༥༠ དེ་ཅིག་ལུ་ ཆུ་གཡུར་གཅིག་ལས་བརྒལ་མེད་མི་ལུ་བརྟེན་ཨིནམ་མ་ཚད་ གཡུས་ཚན་གཞན་ཁར་བཟུམ་སྦེ་ ཆུའི་བསྐོར་རྒྱབ་བཟོ་ནི་མེདཔ་ལས་ ག་ཐོབ་རྐྱབ་སྟེ་ལག་ལེན་འཐབ་མི་ལུ་བརྟེན་ སྟབས་མ་བདེཝ་ཐོནམ་མས་ཟེར་ བཀྲིས་ལ་གིས་ སླབ་ཨིན་པས།
ཕའི་དུང་གཡུས་ཚན་ལས་ སྐྱེས་ལོ་༢༧ ལང་མི་འཕྲིན་ལས་ཀྱིས་འབད་བ་ཅིན་ གཡུས་ཚན་ནང་ ལྕང་ལཱའི་སྐབས་ལུ་ ཆུའི་སྟབས་མ་བདེཝ་ཐོན་མི་དེ་ཡང་ ཆུའི་རྐ་ཅིག་ལས་བརྒལ་མེདཔ་མ་ཚད་ ཆུའི་སྐོར་རྒྱབ་འབད་དཔག་སྲོལ་ཡང་མེདཔ་ལས་ ཁོང་གི་གཡུས་མགོ་ལུ་ཡོད་མི་ མི་སེར་སོ་ནམ་པ་ཚུ་གིས་ ཆུ་དེ་ག་དེ་མང་མང་དཔག་ཚུགས་ནི་དང་ གཡུས་མཇུག་ལུ་སྡོད་མི་གིས་ འཛགས་ཆུ་དུམ་གྲ་རེ་ལས་བརྒལ་ ཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
སྨན་སྦིས་རྒཔོ་ རྒྱ་མཚོ་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ གཡུས་ཚན་དེ་ནང་ ཆརཔ་རྐྱབ་མ་བཏུབ་མི་ལུ་བརྟེན་ ལྕང་ལཱ་འགོ་བཙུགས་ཡོད་མི་ སོ་ནམ་ཞིང་པ་ཚུ་ལུ་ སྟབས་མ་བདེཝ་སྦོམ་ར་ཐོན་ཡོདཔ་ཨིན་རུང་ དུས་ཅི་ ཆུ་གཡུར་ཉམས་བཅོས་ཀྱི་ ལཱ་འབད་དོ་ཡོདཔ་ལས་ ད་ལས་ཕར་ ཆུའི་སྟབས་མ་བདེཝ་ཚུ་ སེལ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ ཆརཔ་རྐྱབ་མ་བཏུབ་མི་ལུ་བརྟེན་ སོ་ནམ་ཞིང་ལཱ་གཙོ་བོ་བྱཱ་ཞིང་ལུ་བརྟེན་སྡོད་མི་ཚུ་ལུ་ དཀའ་ངལ་ཐོན་ཡོདཔ་ལས་ གཡུས་མི་ཚུ་གིས་ ཕན་ཚུན་མོས་མཐུན་ཐོག་ལས་ རྒྱལ་བའི་གསུང་རབ་ཆེན་མོ་ བཀའ་འགྱུར་ཞུ་ཞིནམ་ལས་ ཆརཔ་ཕབ་ནི་ཨིན་ཟེར་བཤདཔ་ཨིན་པའི་གནས་ཚུལ།
བདེ་ཆེན་ཚེ་རིང་།
No comments:
Post a Comment