གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་སྡེ་གིས་ ཕྱགས་སྙིགས་ག་ལྷོད་བཀོག་མི་ལུ་ ཉེས་ཆད་བཀལ་ཡོདཔ།

༡༣/༠༦/༢༠༡༢   ༉ རྒྱལ་ཁབ་ནང་ ཕྱགས་སྙིགས་སྔོན་འགོག་དང་འཛིན་སྐྱོང་གི་ བཅའ་ཁྲིམས་ཆ་འཇོག་གྲུབ་སྟེ་ སྤྱི་ཟླ་༤ པའི་ཚེས་༡༨ ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་ལུ་ ཁྲིམས་འགལ་འབད་མི་ཚུ་ལས་ མ་དངུལ་བསྡོམས་ དངུལ་ཀྲམ་༤༣,༥༠༠ བསྡུ་ལེན་འབད་ཡོདཔ་ཨིན་པས།


དེ་ཡང་ ཐིམ་ཕུ་ཁྲོམ་སྡེ་ལས་ ཞིབ་དཔྱད་འབད་མི་༡༠ གྱིས་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༡༡ ཚུན་ ཁྲོམ་ལྟེ་བ་དང་ ནོར་འཛིན་ལམ་ ཧོང་ཀོང་མར་ཀེཊ་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ རྗེས་དྲན་མཆོད་རྟེན་ལམ་བདའ་སྟེ་དང་ ཨོ་ལ་ཁ་ ལྕང་འབངས་འབྲུ་ ལྕང་ཟམ་ཏོག་ མུ་ཏིག་ཐང་ བདེ་ཆེན་ཆོས་གླིང་ རྟ་རྦབ་ དེ་ལས་ བར་སྦིས་སའི་ས་ཁོངས་ཚུ་ནང་ ཞིབ་དཔྱད་འབད་བའི་སྐབས་སུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ལས་ རང་བཞིན་གནས་སྟངས་གཙོ་འཛིན་འགོ་དཔོན་ པདྨ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ཕྱགས་སྙིགས་སྔོན་འགོག་དང་ འཛིན་སྐྱོང་བཅའ་ཁྲིམས་དེ་ ལག་ལེན་འཐབ་ནི་འགོ་བཙུགས་ཞིནམ་ལས་ ཁྲོམ་ནང་སྡོད་མི་ཚུ་གིས་ བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ ལག་ལེན་ཚུལ་བཞིན་འཐབ་ཡོད་རུང་ ཁྲིམས་འགལ་འབད་མི་རེ་གཉིས་རེ་ ད་ལྟོའི་བར་ན་ཡང་ འཐོན་ནི་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཅའ་ཁྲིམས་དེ་ ལག་ལེན་འཐབ་ནི་འགོ་མ་བཙུགས་པའི་ཧེ་མ་ལས་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ གསར་ཤོག་ཚུ་ནང་ གོ་བརྡ་སྤྲོད་པ་གི་མ་ཚད་ ཁྲོམ་སྡེ་ལས་ ཁྲོམ་དཔོན་གྱི་གཙོས་པའི་འགོ་དཔོན་ཚུ་གིས་ གོ་བ་བརྡ་སྤྲོད་དང་སྦྱོང་བརྡར་ཚུ་ག་དེ་ཅིག་འབད་རུང་ ཁྲོམ་ཁར་ ཕྱགས་སྙིགས་ར་རོག་ཚུ་གིས་གང་ཡོད་པའི་ཁར་ མི་སེར་ཚུ་གིས་ དེ་ལུ་དག་སྣང་སྐྱེད་མ་བཏུབ་པ་སྡོད་ཅི་ཟེར་ཨིན་པས།
ཨིན་རུང་ སྒྲིག་གཞི་ནང་འཁོད་དེ་ཡོད་པའི་བཅའ་ཁྲིམས་དེ་ དངོས་ལྟར་ལག་ལེན་འཐབ་ནི་ འགོ་བཙུགས་ཞིནམ་ལས་ མི་མང་གིས་ཡང་ ཤེས་རྟོགས་བྱུང་ཡོདཔ་མ་ཚད་ ཁྲོམ་སྡེའི་ནང་ ཨ་རྟག་དང་ཕྱདཔ་ད་ གཙང་སྦྲ་དང་ལྡན་པའི་ཁར་ ཧིང་སངས་ས་སྦེ་མཐོང་གསལ་བྱུང་དོ་ཡོདཔ་ལས་ ཕྱིའི་ལྟ་བཤལཔ་དང་ ནང་གི་མི་ཁུངས་ཚུ་ལུ་ཡང་ མཐོང་སྣང་མ་འདྲཝ་ཅིག་ཤར་དོ་བཟུམ་མའི་ ཚོར་སྣང་བྱུང་ཡོདཔ་ཨིན་པས།
ཁྲོམ་སྡེ་ལས་ ཞིབ་དཔྱད་པ་ཚེ་བརྟན་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ ཉིན་མའི་དུས་ཚོད་ནང་ ཁྲོམ་སྡེ་ནང་ ཞིབ་དཔྱད་འབད་མི་༥ ཡོདཔ་ད་ ཁོང་༥ པོ་དེ་གིས་ ཁྲོམ་སྡེ་ལྟ་སྐོར་འགྱོཝ་ད་ ཕྱགས་སྙིགས་བཀོག་མི་དང་ ཚོང་འབྲེལ་འཐབ་སྡོད་མི་ དེ་ལས་ ཆབ་གསང་བཏང་མི་ཚུ་ འཛིན་བཟུང་འབད་ཐོག་ལས་ ཉེས་ཆད་བཀལ་ཡོད་པའི་ཁར་ ཕྱི་རུ་ཆུ་ཚོད་༥ ལས་༡༡ ཚུན་སྡེ་ཚན་གཞན་མི་གིས་ ཞིབ་དཔྱད་འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ཚུན་ ཁྲིམས་འགལ་འབད་མི་ལས་ ཉིན་བསྟར་བཞིན་དུ་  ཉེས་ཆད་དངུལ་ཀྲམ་༡༥༠༠ ལས་༨༠༠༠ གི་བར་ན་ ཐོབ་ཡོདཔ་ད་ དེ་ཡང་ མི་མང་གིས་ ས་གནས་གང་རུང་ནང་ ཕྱགས་སྙིགས་བཀོག་མི་དང་ གནང་བ་མེད་པའི་ས་ཁོངས་ཚུ་ནང་ ཕྱགས་སྙིགས་བླུགས་མི་ ཁྲོམ་ལམ་དང་ རྐང་ལམ་ཚུ་ནང་ ཅ་ཆས་དང་ ཚོང་འབྲེལ་འཐབ་མི་ ཆབ་གསང་ག་ལྷོད་བཏང་མི་ དེ་ལས་ བཟོ་སྐྲུན་གྱི་ ས་ག་ལྷོད་བླུགས་མི་ཚུ་ཨིན་ཟེར་བཤདཔ་ཨིན་པས།
ཨིན་རུང་ ཞིབ་དཔྱད་འབད་མི་ གཞན་ཚུ་གིས་འབད་བ་ཅིན་ ཕྱགས་སྙིགས་ཀྱི་དོན་ལུ་ ཞིབ་དཔྱད་འབད་བའི་སྐབས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དུམ་གྲ་རེ་བྱུང་རུང་ འདི་ཚུ་ལུ་གདོང་ལེན་འབད་ཐོག་ལས་ གྲུབ་འབྲས་མཐར་འཁྱོལ་བྱུང་དོ་ཟེར་ཨིན་པས།
འགོ་དཔོན་པདྨ་རྡོ་རྗེ་གིས་འབད་བ་ཅིན་ མི་སྟོབས་ཀྱི་དཀའ་ངལ་ཡོདཔ་ལས་བརྟེན་ འཕྲལ་ཁམས་ཅིག་ཁར་ ཁྲོམ་སྡེའི་ས་ཁོངས་ལས་ འཐུས་མི་༡༠ ངོས་འཛིན་འབད་ཡོདཔ་ད་ འཐུས་མི་ཚུ་གིས་ རང་སོའི་ས་ཁོངས་ནང་ བྱ་སྟབས་མ་བདེ་བའི་དཀའ་ངལ་ག་ཅི་ཡོདཔ་ཨིན་ན་ ཞིབ་དཔྱད་འབད་ཞིནམ་ལས་ འདི་ལུ་བསྟར་སྤྱོད་དང་ ལག་ལེན་འཐབ་ནིའི་ འགན་ཁུར་ཚུ་བཀལ་ཡོད་ཟེར་ཨིན་པས།
བདེ་ཆེན་ཆོས་གླིང་དང་ རྟ་རྦབ་ མུ་ཏིག་ཐང་ བར་སྦིས་ས་ ཨོ་ལ་ཁ་ དེ་ལས་ ཁྲོམ་སྡེ་ལྟེ་བ་ལས་ འཐུས་མི་༢ དེ་ལས་ ས་ཁོངས་གཞན་སྦོམ་ཚུ་ནང་ འཐུས་མི་ངོས་འཛིན་འབད་ཡོདཔ་མི་ཚུ་ལུ་ ཟླ་རིམ་བཞིན་དུ་ གླ་འཐུས་དངུལ་ཀྲམ་༣༠༠༠ སྤྲོད་དོ་ཡོད་ལས་ དེ་གིས་ མི་སྟོབས་མ་ལང་པའི་དཀའ་ངལ་བསལ་ཚུགས་ཅི་ཟེར་ བཤད་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ནང་སྡོད་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་རྫོང་ཁག་༢༠ ག་རའི་ནང་ བཅའ་ཁྲིམས་དེ་ ལག་ལེན་འཐབ་པ་ཅིན་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་དང་ མི་སྡེ་ལུ་ ཕན་ཐོགས་བྱུང་བའི་ཁར་ ཕྱིའི་མཐོང་སྣང་ལུ་འབད་རུང་ དཔེ་ལྟ་བཏུབ་པའི་འོས་འབབ་སྦོམ་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment