གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ ནང་ཁ་ནང་འགྲིག་གི་སྦྱོང་བརྡར།

མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་གཙོས་པའི་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་དང་ སྦྱོང་བརྡར་ནང་ གྲལ་གཏོགས་འབད་མི་ཚུ།
༡༦/༠༦/༢༠༡༢   ༉ བདུན་ཕྲག་༢ ཀྱི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ ནང་ཁ་ནང་འགྲིག་གི་སྦྱོང་བརྡར་དེ་ ཁ་ཙ་ལས་ ཤར་ཕྱོགས་རྫོང་ཁག་༦ གི་ས་གནས་གཞུང་གི་ དམངས་མི་ཚུ་གི་དོན་ལུ་ མོང་སྒར་ལུ་སྦེ་ འགོ་བཙུགས་ཡི།
སྦྱོང་བརྡར་འགོ་བཙུགས་ཀྱི་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་སྦེ་ འབྲུག་རྒྱལ་འཛིན་ཁྲིམས་སྡེའི་ཁྲི་འཛིན་ མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་གཙོས་པའི་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ བྱོན་ཡོདཔ་ཨིན།



རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་ འབྲུག་རྒྱལ་འཛིན་ཁྲིམས་སྡེའི་ཁྲི་འཛིན་ མི་དབང་ཨ་ཞེ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ གསུང་བཤད་གནང་མིའི་ནང་ དེ་བཟུམ་གྱི་ ནང་ཁ་ནང་འགྲིག་གི་ སྦྱོང་བརྡར་གནང་དགོ་པའི་ དམིགས་ཡུལ་དེ་ཡང་ འབྲུག་གི་མི་སེར་ཡོངས་ལུ་ དྲང་ཁྲིམས་ཀྱི་ ཞབས་ཏོག་སྤྲོད་ཐབས་ལུ་ཨིནམ་ལས་ འགོ་ཁྲིདཔ་ཚུ་གིས་འབད་རུང་ རང་དོན་སྤང་སྟེ་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་དམིགས་ཏེ་ ཕྱག་ཞུ་དགོཔ་ལས་བརྟེན་ ནང་ཁ་ནང་འགྲིག་དེ་ ཞི་བདེའི་རྩ་བ་ཨིནམ་ལས་ ཁག་ཆེ་ཟེར་གསུངས་ཡི།
མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབང་ཚད་ཕྱིར་སྤེལ་གནང་ཡོདཔ་མ་ཚད་ གྲུབ་འབྲས་ཡང་ ལེགས་ཐོན་བྱུང་ཡོདཔ་ད་ ད་ལས་ཕར་འབད་རུང་ སྔར་ལས་ལྷག་སྟེ་ གོང་འཕེལ་དང་ མཐར་འཁྱོལ་ཅན་ འགྱོ་དགོ་པ་ཅིན་ མི་སེར་གྱི་མཐུན་ལམ་དེ་ ཁག་ཆེ་ནི་ཨིནམ་ལས་ རྒྱལ་ཁབ་གོང་འཕེལ་མགྱོགས་དྲགས་སྦེ་ འགྱོཝ་དང་གཅིག་ཁར་ དཔལ་འབྱོར་གོང་འཕེལ་འགྱོ་བའི་སྐབས་ལུ་ མི་སེར་ཚུ་དང་འབྲེལ་བ་ཡང་ མང་སུ་འཐབ་དགོཔ་ལས་བརྟེན་ སྟབས་མ་བདེ་ཆུང་ཀུ་རེ་འཐོན་སྲིད་ནི་ཨིན་རུང་ མི་སྡེ་ནང་ སྟབས་མ་བདེཝ་དེ་ རྩ་ལས་ར་ འཐོན་བཅུག་ནི་མི་འོང་ཟེར་གསུངས་ཡི།
དེ་ཡང་ སྔོན་ཕ་མའི་གོང་ལས་ནང་ཁ་ནང་འགྲིག་དེ་ ག་དེ་སྦེ་ལག་ལེན་འཐབ་ཡོདཔ་ཨིན་ན་དང་ བར་སྐབས་ཅིག་ལུ་ འགྱུར་བཅོས་ག་དེ་སྦེ་སོང་ཡི་ག་དང་ སྟབས་བདེཝ་མ་བདེཝ་ག་དེ་སྦེ་ཡོད་ག་ དེ་ལས་ ད་ལས་ཕར་ ནང་ཁ་ནང་འགྲིག་གི་ཐབས་ཤེས་ ད་རིས་ཀྱི་གནས་སྟངས་ལས་ལྷག་བཟོ་ནིའི་བསམ་འཆར་ཚུ་ གྲོས་བསྡུར་འབད་དེ་ གྲུབ་འབྲས་ལེགས་ཐོན་འབྱུང་བའི་ཐུགས་ཀྱི་རེ་འདོད་ཡོད་ཟེར་གསུངས་ཡི།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ མོང་སྒར་རྫོང་ཁག་ ཤི་རི་མུ་ཧུང་རྒེད་འོག་གི་དམངས་མི་ ཨྱོན་གྱིས་ ཀུན་གསལ་ལུ་ བསམ་འཆར་བཤད་མིའི་ནང་ རྒེད་འོག་ནང་ མི་སྡེའི་འགོ་ཁྲིདཔ་སྦེ་ ཕྱག་ཞུ་བའི་སྐབས་ལུ་ མི་སེར་ཚུ་གི་བར་ན་ སྟབས་མ་བདེཝ་ལེ་ཤ་ཐོན་དོ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ དེ་བཟུམ་གྱི་ སྦྱོང་བརྡར་ཅིག་མེད་པ་ལུ་བརྟེན་ དཀའ་ངལ་བསལ་ཐབས་འབད་ནི་ལུ་ གདོང་ལེན་སྦོམ་བྱུང་མི་དེ་ ད་ལས་ཕར་ སྦྱོང་བརྡར་ནང་ བཅའ་མར་གཏོགས་པའི་ཤུལ་ལུ་ གཡུས་སྒོ་ཚུ་ནང་ སྟབས་བདེཝ་མ་བདེཝ་ཕྱམ་ཕྱིམ་ཚུ་ བསལ་ཚུགས་ནི་མས་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་འབད་བ་ཅིན་ གཡུས་སྒོ་ཚུ་ནང་ སྟབས་བདེཝ་མ་བདེཝ་དེ་ཡང་ གོ་ཤེས་ཉན་ཤེས་ཡོད་མི་ལས་ མེད་མི་མང་སུ་ཡོདཔ་ལས་ ཐོན་བཞིན་དུ་ཡོད་རུང་ ད་ལྟོ་ཚུན་ ཁྲིམས་ཀྱི་ལམ་ལུགས་ཅིག་ ཧ་མ་གོ་མི་ལུ་བརྟེན་ དཀའ་ངལ་བསལ་ཚུགས་ནི་ལུ་ གདོང་ལེན་སྦོམ་བྱུང་མི་དེ་ ད་ལས་ཕར་ བསལ་ཚུགས་ནི་ཨིནམ་ལས་ མི་སེར་དང་ རྒྱལ་ཁབ་ལུ་ ཞི་བདེ་འབྱུང་སའི་གཞི་གནད་ཅིག་ཡང་ སྦྱོང་བརྡར་དེ་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
དེ་བཟུམ་མའི་ སྦྱོང་བརྡར་དེ་ ད་ལྟོ་ཚུན་ སྤུ་ན་ཁ་དང་ དགེ་ལེགས་ཕུག་ལུ་ འགོ་འདྲེན་འཐབ་མིའི་ནང་ མི་གྲངས་༡༣༤ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྦྱོང་བརྡར་ནང་ མོང་སྒར་དང་ ལྷུན་རྩེ་ བཀྲིས་སྒང་ བཀྲིས་གཡང་རྩེ་ བསམ་གྲུབ་ལྗོངས་མཁར་ དེ་ལས་ པདྨ་དགའ་ཚལ་རྩིས་ཏེ་ རྫོང་ཁག་༦ ལས་ དམངས་མི་༧༡ དེ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment