གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ སྤུས་ཚད་མཐོ་བའི་ཤེས་རིག་གཙུག་སྡེ་ གཞི་བཙུགས་འབད་ནི།

༡༦/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ནང་ འབྲུག་རིག་པའི་འབྱུང་གནས་དཔྱད་ཡིག་༢༠༡༡ ཅན་མའི་ གསུང་གྲོས་གནང་པའི་སྐབས་ ཐིམ་ཕུ་ཝང་སི་སི་ནང་ལུ་ཡོད་པའི་ ལས་འགུལ་རྐྱངམ་གཅིག་གི་དོན་ལུ་ དཔྱད་ཡིག་༢༠༡༡ ཅན་མ་དེ་བཟོ་ཡོདཔ་ལས་ སྤྱིར་བཏང་གི་ བཅའ་ཁྲིམས་དང་མ་འདྲཝ་སྦེ་ཡོད་མི་ལུ་བརྟེན་ འཐུས་མི་ལ་ལུ་ཅིག་གིས་ དཔྱད་ཡིག་ཚུ་ གཅིག་མཚུངས་བཟོ་དགོ་པའི་སྐོར་ལས་ གྲོས་བསྡུར་འབད་ཡི།


དེ་ཡང་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༨ པ་ནང་ རྒྱལ་ཡོངས་ཚོགས་འདུ་ལས་ དཔྱད་ཡིག་༢༠༡༡ ཅན་མ་ ཆ་འཇོག་གནང་མི་དེ་ རྒྱལ་ཡོངས་ཚོགས་སྡེའི་ དཔལ་འབྱོར་ལེགས་ལྡན་ཚོགས་ཆུང་གིས་ ཚོགས་ཁང་ལུ་ གྲོས་འདེབས་ཕུལ་བའི་སྐབས་ གྲོས་བསྡུར་བྱུང་ཡོདཔ་ཨིན་པས།
ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ རྒྱལ་ཡོངས་ཚོགས་སྡེ་ལུ་ གསལ་ཞུ་འབད་མི་དང་འཁྲིལཝ་ད་ འབྲུག་ནང་འཁོད་ སྤུས་ཚད་མཐོ་བའི་ཤེས་རིག་ཡར་དྲག་དང་ མི་སྡེ་དཔལ་འབྱོར་མགྱོགས་དྲག་སྦེ་ ཡར་དྲག་བཏང་ཐབས་ལུ་དམིགས་ཏེ་ཨིན་ཟེར་ཨིན་པས།
དཔལ་འབྱོར་ལེགས་ལྡན་ཚོགས་ཆུང་གི་ ཁྲི་འཛིན་ རིག་འཛིན་གྱིས་ ཚོགས་ཁང་ལུ་ཞུ་མིའི་ནང་ དཔྱད་ཡིག་དེ་ རྒྱལ་ཁབ་ཀྱི་ སྲིད་བྱུས་དང་ལམ་སྟོན་ དེ་ལས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་དམིགས་ཏེ་ བཅའ་ཁྲིམས་བརྩམས་གནང་མི་གིས་ མ་འོངས་པ་ནང་རྒྱལ་ཁབ་ལུ་ ཕན་ཐོགས་ཚུགས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོགམ་ བསོད་ནམས་ཀུན་དགའ་གིས་འབད་བ་ཅིན་ དཔྱད་ཡིག་ངོ་སྤྲོད་ཀྱི་སྐབས་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ ཝང་སི་སི་ནང་ སྤུས་ཚད་མཐོ་བའི་ཤེས་རིག་གཙུག་སྡེ་གཞི་བཙུགས་འབད་མི་གིས་ རྒྱལ་ཁབ་ལུ་ ཕན་ཐོགས་ཚུགས་ག་དང་ དེ་བཟུམ་གྱི་ ལས་འགུལ་གྱིས་ མ་འོངས་རྒྱལ་ཁབ་ཀྱི་ མི་སྡེའི་དཔལ་འབྱོར་གོང་འཕེལ་མགྱོགས་དྲག་སྦེ་འགྱོ་ཚུགས་ག་ དེ་ལས་ ཤེས་རིག་གི་སྤུས་ཚད་ཡར་རྒྱས་གཏང་ནིའི་དོན་ལུ་ ཤེས་རིག་གྲོང་ཁྱེར་དེ་ ངེས་པར་དུ་བཙུག་དགོཔ་འདུག་ག་ཟེར་ཞུ་ཡི།
ཀྲོང་གསར་འཐུས་མི་ ཌོག་ཊར་རྒྱ་གར་རྡོ་རྗེ་གིས་ ལེའུ་༢ པ་ རིག་པའི་འབྱུང་གནས་བཀོད་ཚོགས་ཀྱི་ དོན་ཚན་༡༢ པའི་ནང་ བཀོད་ཚོགས་ཀྱི་ འགན་འབྲེལ་འཐུས་མི་སྦེ་ དྲུང་ཆེན་ཚུ་བཞག་མི་གིས་ དྲུང་ཆེན་ཚུ་ལུ་ གཞུང་གི་ ཕྱག་ལཱ་གནང་དགོཔ་ལེ་ཤ་ཡོདཔ་ལས་ བྱ་སྟབས་མ་བདེ་བའི་ དཀའ་ངལ་འབྱུང་སྲིད་ནི་ཨིནམ་བཞིན་དུ་ དེ་གི་ཚབ་ལུ་ མདོ་ཆེན་ཚུ་ བཙུག་དགོ་པའི་ཞུ་བ་ཕུལ་ཡི།
མཐའན་མཇུག་གི་གྲོས་བཅུད་ནང་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་རྣམ་རྒྱལ་དཔལ་འབྱོར་གྱིས་ གྲོས་བསྡུར་གནང་མི་ཚུ་ ཚོགས་ཆུང་གིས་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་དེ་ རེས་གཟའ་ལྷགཔ་གི་ མཐའ་བཅད་གསུང་གྲོས་ནང་ བཙུག་དགོ་ཟེར་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment