གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་རྐ་སྐམ་ནི་དེ་གིས་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

ལྕང་ལཱ་རྐྱབ་མ་ཚུགས་པར་ལུས་མི་ ཨོ་རོང་རྒེད་འོག་གི་ ཆུ་ཞིང་ཚུ།
༉ ཨོ་རོང་རྒེད་འོག་ལས་ སྐྱེས་ལོ་༤༥ ལང་མི་ བྱང་ཆུབ་རྡོ་རྗེ་ལུ་ བྱཱ་ཞིང་ཨེ་ཀར་༢ དེ་ཅིག་ཡོད་དེ་འབད་རུང་ ཁོ་གི་ས་ཞིང་ནང་ ལོ་ཐོག་འཛུགས་སྐྱོང་མ་འབད་བར་ ལོ་༡༠ དེ་ཅིག་ ཡར་སོཔ་ཨིན་པས།
ཁོ་རའི་ བཟའ་ཚང་འཚོ་སྐྱོང་འཐབ་ནིའི་དོན་ལུ་ ས་ཞིང་ལངམ་སྦེ་ ཡོད་དེ་འབད་རུང་ ས་ཆ་སྟོངམ་སྦེ་བཞག་སྟེ་ ཇར་སི་བ་ གསོ་སྐྱོང་འཐབ་དོ་ཡོདཔ་ད་ ཁོ་གིས་ ཨོམ་ཚོགས་པ་ལུ་ ཨོམ་བཙོང་སྟེ་ ཟླ་རིམ་འོང་འབབ་ དངུལ་ཀྲམ་༥,༠༠༠ དེ་ཅིག་ བཟོ་དོ་ཡོདཔ་ཨིན་པས།

ཆུ་རྐ་སྐམ་པའི་ཁར་ མེདཔ་ཐལ་མི་ཆུ་གཡུར།


ཨོ་རོང་རྒེད་འོག་ནང་ ཆུ་རྐ་སྐམ་འགྱོ་མི་དང་ ཆུ་གཡུར་མེདཔ་ཐལ་མི་ལུ་བརྟེན་ ལོ་ཐོག་འཛུགས་སྐྱོང་འཐབ་ནི་ལས་ བཤོལ་བཞག་མི་ཅིག་ བྱང་ཆུབ་རྡོ་རྗེ་ཨིན་པས།
ཨོ་རོང་རྒེད་འོག་ནང་ ཁྱིམ་གུང་པ་༡༠༠ དེ་ཅིག་གིས་ ས་ཞིང་ནང་ ལྕང་ལཱ་མ་རྐྱབ་པར་ སྟོངམ་སྦེ་བཞག་སྟེ་ ལོ་༡༠ དེ་ཅིག་ སོང་ཡོདཔ་ལས་ ཆུ་ཞིང་ཚུ་ ག་ར་ཚལ་མ་ལུ་ གྱུར་ཡོདཔ་ཨིན་པས།
སྐྱེས་ལོ་༤༥ ལང་མི་ སོ་ནམ་ཞིང་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་གཡུར་བཟོ་ཡོད་མི་དེ་ སྒྲིང་སྒྲིང་མེད་པ་ལུ་བརྟེན་ ག་ར་མེདཔ་ཐལ་ཡོདཔ་མ་ཚད་ ཤུལ་ལས་ ཆུ་རྐ་ཡང་ སྐམ་སོ་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཕུན་ཚོགས་ཐང་རྒེད་ནང་ཡང་ མི་སེར་སོ་ནམ་པ་ཚུ་གིས་ ལྕང་ལཱ་མ་རྐྱབ་པར་ ལོ་༨ ལྷགཔ་ཅིག་ སོང་ཡོདཔ་ད་ རྒེད་འོག་ནང་ ཆུ་གཡུར་ལེགས་ཤོམ་ཡོད་དེ་འབད་རུང་ ཆུ་རུད་ཐོན་པའི་སྐབས་ འཕྱགས་བདའ་ཡོདཔ་ཨིན་པས།
ཕུན་ཚོགས་ཐང་རྒེད་འོག་ལས་ སྐྱེས་ལོ་༥༧ ལང་མི་ ནཱར་མ་ཡ་ རེག་ནི་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་གི་ཞིང་ནང་ རེད་ཀྱི་ཚབ་ལུ་ མོནམ་བྱཱ་བཏབ་སྟེ་ཡོད་ཟེར་ཨིནམ་ད་ མོནམ་བྱཱ་བཏབ་དགོ་མི་དེ་ཡང་ ཆུ་མེད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
སྐྱེས་ལོ་༦༣ ལང་མི་ སོ་ནམ་པ་ཅིག་གིས་ སླབ་མིའི་ནང་ འཐུང་ནི་གི་ཆུ་ཡང་ ལང་མ་ཚུགསཔ་ད་ ག་ཏེ་ལས་ ཞིང་ཆུ་འཐོན་ནི་ཟེར་ཨིནམ་ད་ ཧེ་མའི་ ཆུ་རྐ་དེ་ སྐམ་སོ་ནི་དེ་གིས་ ད་ལྟོ་ ཆུ་རྐ་གསརཔ་ འཚོལ་བའི་བསྒང་ཡོད་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ ད་རེས་ནངས་པ་ མི་སེར་སོ་ནམ་པ་ཚུ་གིས་ ལྕང་ལཱ་རྐྱབ་ནི་བ་ ཇར་སི་བ་ གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
ཕི་ལུ་མ་གཡུས་ཚན་ནང་ཡང་ ཆུ་ཞིང་ལེ་ཤ་ཡོད་རུང་ ཆུ་མེད་མི་ལུ་བརྟེན་ཏེ་ ཁྲོམ་ཁ་ལས་ ཆུམ་ཉོ་བཟའ་དོ་ཡོདཔ་ད་ མང་ཤོས་ར་ གེ་ཟ་གི་ལྟོ་ ཁ་རང་བཟའ་དོ་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་ ཆུ་གཡུར་༤༢ ཡོད་པའི་ནང་ལས་༩ མེདཔ་ཐལ་ཡོདཔ་ད་ ཆུ་གཡུར་༤ སྒེར་གྱི་ཨིན་པས།
ཆུ་གཡུར་མང་ཤོས་ར་ རྩི་ས་གིས་ སྒྲིང་སྒྲིང་སྦེ་ མ་རྐྱབ་མི་ལུ་བརྟེན་ ཞིང་ནང་ཆུ་ལེགས་ཤོམ་སྦེ་ མི་ལྷོད་པས་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་ ཀརྨ་ཚེ་དབང་གིས་ བཤདཔ་ཨིན་པས།
ཨིན་རུང་ སོ་ནམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ལོ་༥ འི་འཆར་གཞི་༡༡ པའི་ནང་ ཆུ་རྐ་གསརཔ་འཚོལ་ནི་དང་ ད་ལྟོ་ཡོད་མི་ ཆུ་གཡུར་ཚུ་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་ནིའི་ འཆར་གཞི་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment