ཟླ་༣ པའི་ཚེས་༢༦།
༡༦/༥/༢༠༡༢
༉ རྒྱལ་ཁབ་ནང་འཁོད་ཀྱི་ བརྡ་བརྒྱུད་ངོ་ཚབ་༡༥ ལུ་ བཙག་འཐུའི་སྐབས་ འགན་འཁྲི་ལེགས་ཤོམ་འབག་སྟེ་ མི་སེར་ཡོངས་ལུ་ དྭངས་གསལ་ཐོག་ ལཱ་འབད་དགོ་པའི་སྐོར་ལས་ ལཱོན་ཌཱོན་ལས་ ཐོམ་སཱོན་ རོ་ཡེ་ཊརསི་ཚོགས་སྡེའི་ མཁས་མཆོག་ཅིག་གིས་ སྤྱི་ཟླ་༥ པའི་ཚེས་༡༤ ལས་ འགོ་བཙུགས་ཏེ་ ལམ་སྟོན་དང་འབྲེལ་བའི་ སྦྱོང་བརྡར་བྱིན་ནི་ཚུ་ འགོ་བཙུགས་ཅི།
ཐོམ་སཱོན་ རོ་ཡེ་ཊརསི་ཚོགས་སྡེའི་མཁས་མཆོག་ རི་ལེན་ཌ་ གཱོལསི་མིཌ་ཀྱིས་ འབྲུག་རྒྱལ་ཁབ་ནང་ དམིགས་བསལ་གྱི་ ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ བཙག་འཐུ་དང་འབྲེལ་བའི་གནད་དོན་སྐོར་ ད་ལས་ཕར་ གནས་ཚུལ་བསྡུ་ལེན་འབདཝ་ད་ གནས་ཚུལ་བསྡུ་ལེན་འབད་མི་ཚུ་གིས་ འདྲ་མཉམ་དང་དྲང་བདེན་གྱི་ཐོག་ལས་ མི་མང་ལུ་ བརྡ་སྤྲོད་ལེགས་ཤོམ་འབད་དགོ་ནི་དང་ གནས་ཚུལ་ཚུ་ཡང་ ངེས་བདེན་ཨིན་མི་ཚུ་ བསྡུ་ལེན་འབད་ནི་མ་གཏོགས་ ཆགས་སྡང་ཕྱོགས་རིས་ཀྱི་ཐོག་ལས་ འབད་མི་ཆོག་ཟེར་སླབ་ཨིན་པས།
ཁ་ཙ་ བརྡ་བརྒྱུད་ལས་སྡེ་ཁག་གི་ གནས་ཚུལ་བསྡུ་ལེན་པ་ཚུ་གིས་ གནས་ཚུལ་བསྡུ་ལེན་འབད་བའི་སྐབས་ རོ་ཡེ་ཊརསི་ཚོགས་སྡེའི་ མཁས་མཆོག་གིས་ རོ་ཡེ་ཊརསི་ཚོགས་པའི་ ལམ་ལུགས་བཟུམ་སྦེ་ གནས་ཚུལ་ག་ཅི་ཨིན་རུང་ གནས་ཚུལ་ཚུ་ གནད་དོན་༡༠ ཚང་དགོ་པའི་གྲས་ལས་ ངེས་བདེན་དང་ གཏམ་རྫུན་མ་བཟོ་ནི་ འདྲ་བཤུས་རྐྱབ་ནི་ འཛོལ་བ་ཡོད་མི་ཚུ་ ལེགས་བཅོས་འབད་ཐོག་ལས་ བདེན་པ་བཟོ་ནི་ དེ་ལས་ ཁེ་ཕན་ལྟག་སྤྲོད་ཚུའི་སྐོར་ལས་ བསླབ་སྟོན་ཚུ་འབད་ཡི།
དེ་བཟུམ་སྦེ་ ཁོང་གིས་སླབ་མི་དེ་ བསྒྱུར་བཅོས་འབད་མ་ཆོགཔ་དང་ ངན་ལྷད་མེདཔ་ ནང་གསུག་ལེན་ནི་ འདེམས་ངོ་ག་གིས་འབད་རུང་ འདྲ་མཉམ་གྱི་ཐོག་ལས་ གནས་ཚུལ་བསྡུ་ལེན་འབད་ནི་ འདེམས་ངོ་ཅིག་གི་ བསམ་འཆར་འབྲི་ནི་ དེ་ལས་ གུས་ཞབས་སྒོ་ལས་ བརྡ་སྤེལ་འབད་དགོ་པའི་སྐོར་ སློབ་སྦྱོང་འབད་ཡོདཔ་ཨིན་པས།
ཉིནམ་དང་པའི་ལས་རིམ་ནང་ གནས་ཚུལ་བསྡུ་ལེན་འབད་དེ་ མི་མང་ལུ་ བཀྲམ་སྤེལ་འབད་ནི་ཨིནམ་བཞིན་དུ་ གནས་ཚུལ་གཙོ་དོན་ཚུ་ འབྲི་བའི་སྐབས་ལུ་ ཚིག་ཉུང་སུ་དང་ གོ་དོན་འཇམ་ཏོང་ཏོ་ ངེས་ཏིག་ དེ་ལས་ མི་མང་གིས་ ལྷབ་ནི་ལུ་ སྤྲོ་བ་སྦོམ་སྦེ་ལེན་ཚུགས་པའི་སྐོར་ལས་ འབྲི་དགོཔ་ཨིན་པས།
བཙག་འཐུ་འབད་བའི་སྐབས་ ཐབས་ཤེས་ཁག་བདུན་གྱི་ཐོག་ལས་ གནས་ཚུལ་བསྡུ་ལེན་འབད་དགོཔ་ཨིནམ་ད་ དེ་ཡང་ སྲིད་དོན་གྱི་ལམ་ལུགས་དང་ བཙག་འཐུ་དང་འབྲེལ་བའི་ གནད་དོན་ཚུ་ཧ་གོ་དགོཔ་ བཙག་འཐུའི་བཅའ་ཁྲིམས་ བཙག་འཐུའི་གོ་དོན་ ཧེ་མའི་ བཙག་འཐུ་སྐོར་ལས་ཧ་གོ་དགོཔ་ ཚོགས་རྒྱན་བཙུགས་མི་ཚུ་གི་སྐོར་ལས་ ཤེས་རྟོགས་འབད་དགོ་ནི་ དེ་ལས་ དམངས་གཙོའི་ལམ་ལུགས་དང་འཁྲིལ་ཏེ་ གནས་ཚུལ་ལེན་དགོཔ་གལ་ཆེ་བའི་སྐོར་ སྦྱོང་བརྡར་འབད་ཡི།
ཐོམ་སཱོན་ རོ་ཡེ་ཊརསི་ཚོགས་སྡེའི་ མཁས་མཆོག་བི་ལེན་ཌ་ གཱོལསི་མིཌ་གིས་ རྒྱལ་ཁབ་༢༠ ལྷགཔ་ཅིག་ལས་ སྲིད་དོན་དང་ འཆར་དངུལ་ དེ་ལས་ སྤྱིར་བཏང་གི་ གནས་ཚུལ་ཚུ་ བསྡུ་ལེན་འབད་ཡོདཔ་བཞིན་དུ་ མོ་གིས་ རྒྱལ་ཁབ་ཁག་ལས་ གནས་ཚུལ་བསྡུ་ལེན་པ་༢,༩༠༠ ལྷགཔ་ཅིག་ལུ་ ཐོམ་སཱོན་ རོ་ཡེ་ཊརསི་ཚོགས་པའི་ལམ་ལུགས་ཚུ་གི་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment