གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནོད་པ་ཉུང་སུའི་ཐོག་ལས་ ཤིང་ཆས་བཏོན་ནིའི་སྦྱོང་བརྡར།

༢༨/༠༧/༢༠༡༢། ༉ བུམ་ཐང་ བླ་མའི་དགོན་པ་ལུ་ ཨོ་རྒྱན་དབང་ཕྱུག་ རང་བཞིན་གནས་སྟངས་ཉམས་སྲུང་སློབ་སྤྱོང་སྤེལ་ཁང་ནང་སྦེ་ ནགས་ཚལ་ལུ་ གནོད་པ་ཉུང་བའི་སྒོ་ལས་ ཤིང་ཆས་ཚུ་ ནགས་ཚལ་ནང་ལས་ ག་དེ་སྦེ་ བཏོན་ནི་ཨིན་ནའི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང་ ཡོདཔ་ཨིན་པས།
དེ་བཟུམ་མའི་སྦྱོང་བརྡར་ འགོ་འདྲེན་འཐབ་མི་དེ་ཡང་ གཙོ་བོ་ར་ ཤིང་ཆས་བཏོན་མི་ཚུ་ ཉམས་མྱོང་ཅན་བཟོ་ཐོག་ལས་ རྒྱལ་ཁབ་ཀྱི་ ནགས་ཚལ་ཚུ་ནང་ སྐྱེ་ལྡན་གནས་སྟངས་ཚད་ལྡན་དང་ ཤིང་ཆས་བཀྲམ་སྤེལ་ཚུ་ ཡུན་བརྟན་ཅན་སྦེ་ བཞག་ནིའི་དོན་ལུ་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ནང་ སློབ་རིམ་༡༠ པ་དང་༡༢ པའི་ནང་ལས་ ཐོན་སྡོད་མི་ ན་གཞོན་༨ ཀྱིས་ བཅའ་མར་གཏོགས་དོ་ཡོདཔ་ལས་ སྦྱོང་བརྡར་དེ་གིས་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་བསལ་ནི་ལུ་ཡང་ ལྷན་ཐབས་འབྱུང་ནི་ཨིནམ་མ་ཚད་ ཤིང་ཆས་བཏོན་མི་ ཉམས་མྱོང་ཅན་ བཟོ་མི་དེ་གིས་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ རྩ་ཁྲིམས་ཅན་གྱི་ ནགས་ཚལ་གྱི་ཚད་གཞི་ ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
སྦྱོང་བརྡར་དེ་ མཇུག་བསྡུ་བའི་བསྒང་ལས་ བཅའ་མར་གཏོགས་མི་ཚུ་གིས་ ནགས་ཚལ་གྱི་ སྐྱེ་ལྡན་དང་ ཚད་གཞི་ དེ་ལས་ གནོད་པ་ཆུང་བའི་སྒོ་ལས་ ཤིང་ཆས་བཏོན་ཐངས་ཀྱི་ གཞི་རྩའི་སྐོར་ལས་ ཧ་གོ་ཚུགསཔ་བཟོ་ནི་དང་ ཤིང་བརྡབ་ནིའི་ ཅཱེན་སཱོ་འཕྲུལ་ཆས་ ཉམས་བཅོས་འབད་ནི་ ཤིང་སྐྱེལ་འདྲེན་འཕྲུལ་ཆས་ གི་ལིང་གཞི་བཙུགས་དང་ ལག་ལེན་འཐབ་ནི་ དེ་ལས་ ནགས་ཚལ་ནང་ལས་ ཤིང་ཆས་བཏོན་ནིའི་ ཉེན་སྲུང་གི་སྐོར་ལས་ ཤེས་ཚུགས་ནི་ཨིན་པས།
ཨོ་རྒྱན་དབང་ཕྱུག་ རང་བཞིན་གནས་སྟངས་ཉམས་སྲུང་སྦྱོང་བརྡར་སྤེལ་ཁང་ལས་ སྦྱོང་བརྡར་འགོ་འདྲེན་འཐབ་མི་ ཨོ་རྒྱན་དབང་ཕྱུག་གིས་འབད་བ་ཅིན་ ཟླཝ་ཕྱེད་དང་༢ ཀྱི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ སྦྱོང་བརྡར་ལས་རིམ་ནང་ལས་ མཐར་འཁྱོལ་མི་ཚུ་གིས་ རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་དང་ ནགས་ཚལ་ལས་ཁུངས་ཚུ་ནང་ ལཱ་གཡོག་འཐོབ་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།
ཨིན་རུང་ གལ་སྲིད་ལས་སྡེ་ཚུ་ནང་ ལཱ་གཡོག་མ་ཐོབ་རུང་ སྦྱོང་བརྡར་མཇུག་བསྡུ་བའི་སྐབས་ ཤིང་ཆས་བཏོན་ནི་ལུ་ སྦྱོང་བརྡར་ཅན་ཨིན་པའི་ ལག་ཁྱེར་བྱིན་ནི་ཨིནམ་ལས་ རང་གིས་ ཚོང་འབྲེལ་ལས་སྡེ་ ཆུང་ཀུ་རེ་ འགོ་བཙུགས་ཚུགས་པའི་ གོ་སྐབས་ཡང་ ཡོད་ཟེར་ཨིན་པས།
ཨོ་རྒྱན་དབང་ཕྱུག་གིས་ སླབ་མིའི་ནང་ མ་གཞི་ དེ་བཟུམ་མའི་ སྦྱོང་བརྡར་ཚུ་ འདས་པའི་ལོ་ཚུ་ནང་ ག་ལུ་ཡང་ བྱིན་བྱིནམ་མེད་རུང་ ད་རེས་ཀྱི་ སྦྱོང་བརྡར་ལས་རིམ་དེ་ ཐེངས་༢ པ་ ཨིན་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་དང་པ་དེ་ དུས་ཅི་ སྤྱི་ཟླ་༤ པ་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ནང་ ཤིང་ཆས་བཏོན་ནིའི་ནང་ ཐད་ཀར་དུ་ འབྲེལ་གཏོགས་ཡོད་མི་ རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ལས་བྱེདཔ་༡༥ གིས་ བཅའ་མར་གཏོགས་ཡོདཔ་སྦེ་ ལས་རིམ་འགོ་འདྲེན་པ་གིས་ སླབ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༤ ལས་འགོ་བཙུགས་མི་ སྦྱོང་བརྡར་ལས་རིམ་དེ་ སྤྱི་ཟླ་༩ པའི་ཚེས་༩ ལུ་ མཇུག་བསྡུ་ནི་ ཨིན་པའི་གནས་ཚུལ།



ཉི་མ་དབང་འདུས།




No comments:

Post a Comment