གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སའི་ཇོ་བདག་ལ་ལུ་ཅིག་ལུ་ ས་ཚབ་སྤྲོད་ཚར་རུང་ ལ་ལུ་ཅིག་གིས་ ས་ཚབ་ལེན་མ་བཏུབ་པའི་ཉོགས་བཤད།

༢༣/༧/༢༠༡༢   ས་རོ་རྡོ་རོ་བཀོ་སའི་ ས་ཁོངས་འོག་ལས་ ལས་འགུལ་ནང་ས་ཚུད་མི་ ཁྱིམ་གུང་པ་༩ དེ་ཅིག་ལས་མེད་རུང་ ས་ཚབ་ཀྱི་ ཐོབ་བརྗོད་བཀོད་མི་༡༢ དེ་ཅིག་ ཐོན་ཡོདཔ་ཨིན་པས།

༉ དབང་འདུས་ཕོ་བྲང་རྫོང་ཁག་གི་ ཐེད་ཚོ་དང་ དགའ་སེང་ཚོ་གོངམ་ དེ་ལས་ རུས་སྦིས་ས་རྒེད་འོག་༣ གྱི་ ཆུ་ཞིང་ཨེ་ཀར་ལས་བཅད་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ནང་ ཚུད་མི་ཚུ་ གཞུང་གིས་ སའི་ཇོ་བདག་ལ་ལུ་ཅིག་ལུ་ ས་ཚབ་སྤྲོད་ཚར་རུང་ ལ་ལུ་ཅིག་གིས་ ས་ཚབ་ལེན་མ་བཏུབ་པར་ ཡོདཔ་ཨིན་པས།
ས་རོ་རྡོ་རོ་བཀོ་སའི་ས་ཁོངས་ ཁོད་སྙོམས་ཏོག་ཏོ་སྦེ་ བཟོ་བའི་བསྒང་།


དེ་ཡང་ དགའ་སེང་ཚོ་གོངམ་རྒེད་འོག་གི་ ས་གནས་ཧེ་སོ་ཐང་ཀ་ལུ་ གློག་མེ་ལས་འགུལ་གྱི་ ཆུ་བྱག་རྐོ་སའི་ ས་ཁོངས་ནང་ལས་ཐོན་མི་ ས་རོ་རྡོ་རོ་ཐོན་མི་ཚུ་ བཀོ་སའི་ས་ཁོངས་བཟོ་མི་ལས་ ས་ཚབ་འཐོབ་ནི་ལུ་ རེ་འདོད་བསྐྱེད་དེ་ གཞུང་གིས་ ས་ཚབ་སྤྲོད་རུང་ ལེན་མི་བཏུབ་པས་ཟེར་ རྫོང་ཁག་ས་ཁྲམ་འགོ་དཔོན་ ཀུན་བཟང་གིས་ སླབ་ཨིན་པས།
དེ་ཡང་ ན་ཧིང་ བློན་ཆེན་མཆོག་གིས་ རྫོང་ཁག་ནང་ འཆར་གཞི་༡༠ པའི་ བསྐྱར་ཞིབ་གནང་པའི་སྐབས་ ལ་ལུ་ཅིག་ལུ་ ས་ཁོངས་དེ་ནང་ལས་ ས་ཚབ་སྤྲོད་ནིའི་འོས་འབབ་ཚུ་ གཞུང་གིས་ བལྟ་ནི་ཟེར་ གསུངས་གནངམ་ལས་ཚུར་ མི་ཚུ་གིས་ ས་ཚབ་ལེན་མ་བཏུབ་ཟེར་ཨིན་པས།
ས་རོ་རྡོ་རོ་བཀོ་ས་དེ་ རྩི་རང་དང་ དགའ་སེང་ལོགས་ལུ་ འགྱོ་སའི་ལམ་ཁར་ཨིནམ་ད་ ས་ཁོངས་དེ་ནང་ ས་རོ་རྡོ་རོ་ཚུ་ བཀོཝ་དང་གཅིག་ཁར་ ཐང་བཟོ་དོ་ཡོདཔ་ད་ མི་ཚུ་གིས་ དེ་ཁར་ལས་ ས་ཚབ་དགོ་པའི་ རེ་བ་བསྐྱེད་མི་དེ་ཡང་ ས་གནས་དེ་ གློག་མེ་ལས་འགུལ་གྱི་ ཉེ་འདབས་ལུ་ཨིནམ་མ་ཚད་ འཁོར་ལམ་གྱི་ སྦོ་ལོགས་ཁར་འབད་ནི་དེ་གིས་ཨིནམ་ད་ ས་ཁོངས་དེ་ནང་ ཉིནམ་ཨ་རྟག་ར་ འཁོར་ལོ་༡༢ འབད་མི་ སྣུམ་འཁོར་ཊཱག་༤༠༠ དང་༥༠༠ དེ་ཅིག་གིས་ ས་རོ་རྡོ་རོ་ཚུ་བླུགས་ཏེ་ ཁོད་སྙོམས་ཏོག་ཏོ་ བཟོ་དོ་ཡོདཔ་ཨིན་པས།
མ་གཞི་ ཧེ་སོ་ཐང་ཀའི་ ཉེ་འདབས་དང་ ད་རེས་ ས་རོ་རྡོ་རོ་བཀོ་སའི་ ས་ཁོངས་ཀྱི་འོག་ལས་ ལས་འགུལ་ནང་ ས་ཚུད་མི་ ཁྱིམ་གུང་པ་༩ དེ་ཅིག་ལས་མེད་རུང་ ས་ཚབ་ཀྱི་ ཐོབ་བརྗོད་བཀོད་མི་༡༢ དེ་ཅིག་ ཐོན་ཡོདཔ་མ་ཚད་ ལ་ལུ་ཅིག་ ཧེ་མ་ལས་ ས་ཚབ་སྤྲོད་ཚར་མི་ཚུ་གིས་ཡང་ སྡེ་ཚན་བཟོ་སྟེ་ ས་ཚབ་ཐོབ་མི་ཚུ་ ལོག་གཞུང་ལུ་ཕུལ་ཏེ་ ས་ཁོངས་དེ་ནང་ལས་ ས་ཚབ་ལེན་ནི་སྦེ་ འོང་མི་ཡང་ ཐོན་ཡི་ཟེར་ ཀུན་བཟང་གིས་ སླབ་ཡོདཔ་ད་ ཧེ་སོ་ཐང་ཀ་དང་ དེའི་ཉེ་འདེབས་ལས་ ལས་འགུལ་ནང་ ཆུ་ཞིང་ཨེ་ཀར་༩.༢ ཚུད་ཡོདཔ་ཨིན་པས།
གཞུང་གིས་འབད་བ་ཅིན་ ས་རོ་རྡོ་རོ་བཀོ་ས་དེ་ ཐང་བཟོ་བའི་སྐབས་ ཨེ་ཀར་༦ ལྷགཔ་ཅིག་ འཐོན་ནི་ཨིན་རུང་ སྤུ་ན་གཙང་ཆུ་ལས་འགུལ་ལས་ མཁས་མཆོག་ཅིག་གིས་ སླབ་མིའི་ནང་ ཨེ་ཀར་༦ ཐོན་མི་ཚུགས་ཟེར་ཨིནམ་ད་ ས་ཚབ་དེ་ དེ་ཁར་ལས་ ལེན་དགོ་པ་ཅིན་ ལས་འགུལ་གྱི་ལཱ་ མཇུག་མ་བསྡུ་ཚུན་ སྒུག་དགོཔ་འོང་ཟེར་ཨིནམ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༡༦ དེ་ཅིག་ནང་རྐྱངམ་གཅིག་ མཇུག་བསྡུ་ནི་ཨིན་པས།
དེ་མ་ཚད་ ལ་ལུ་གིས་ ས་ཚབ་དེ་ གཞུང་ལམ་གྱི་ཉེ་འདབས་དང་ བ་ཇོ་ཁྲོམ་ དེ་ལས་ རིན་ཆེན་སྒང་གི་ ས་ཁོངས་ནང་ལས་ ཐོབ་བརྗོད་བཀོད་དོ་ཡོདཔ་ད་ ཨིན་རུང་ རྫོང་ཁག་ས་ཁྲམ་འགོ་དཔོན་གྱིས་འབད་བ་ཅིན་ སའི་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལཝ་ད་ ས་ཚབ་དེ་ ཡང་ཅིན་ གཡུས་ཚན་དང་ དེ་ནང་ལས་ མ་ཐོབ་པ་ཅིན་ རང་སོའི་སྤྱི་འོག་དང་ དེ་ནང་ཡང་ མེད་པ་ཅིན་ རྒེད་འོག་ནང་འཁོད་ལས་མ་གཏོགས་ གཞན་ཁ་ལས་ མི་ཐོབ་ཟེར་ཨིན་པས།
དེ་འབདཝ་ད་ ཐེད་ཚོ་རྒེད་འོག་ལས་ རྒཔོ་བགྲེསཔ་བཀྲིས་ཀྱིས་འབད་བ་ཅིན་ བཅའ་ཁྲིམས་ནང་ ས་ཚབ་དེ་ རྒེད་འོག་ནང་འཁོད་ལས་ མ་ཐོབ་པ་ཅིན་ རྫོང་ཁག་ནང་འཁོད་ལས་ འཐོབ་ཚུགས་ཟེར་ཡོད་རུང་ ཁོ་གི་ས་ཆ་ ཐེད་ཚོ་རྒེད་འོག་ལས་གཞུང་བཞེས་འབད་མིའི་ཚབ་ བ་ཇོ་ཁྲོམ་གྱི་ཕྱི་ཁ་ལས་ ཌིས་༢༠ དང་ ཨམ་སྲུའི་མིང་ཐོ་ཁར་ ཌིས་༢༠ བཙུགས་མི་དེ་ རྒེད་འོག་དང་ རྫོང་ཁག་ལས་ གནང་བ་ཐོབ་པའི་ཤུལ་ལས་ ས་འཇལ་ཏེ ཁྲམ་གྱི་དོན་ལུ་ ཐིམ་ཕུ་ས་འཇལ་ལྷན་ཚོགས་ནང་ བཏང་བའི་སྐབས་ ཆ་མེད་བཏང་ནུག་ཟེར་ཨིནམ་ད་ ས་ཁྲམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ས་ཚབ་སྦེ་ འཇལ་མི་དེ་ ཁྲོམ་ས་རྒྱ་བསྐྱེད་འབད་བའི་སྐབས་ ཁྲོམ་གྱི་ས་ཁོངས་ནང་ ཚུད་ནུག་ཟེར་ཨིན་པས།
སྤུ་ན་གཙང་ཆུ་ལས་འགུལ་གྱི་ འོག་ལུ་ཚུད་མི་ ཚོ་འོགམ་རྒེད་འོག་ལས་ དབང་འདུས་ཟམ་ཁ་ཐུག་ལུ་ ས་ཁྲམ་འཆང་མི་༡༠༩ དེ་ཅིག་གི་ ས་དང་ཁྱིམ་ཚུ་ གཞུང་བཞེས་འབད་མི་ལས་ ས་ཁྲམ་འཆང་མི་༥༩ ལུ་ ས་ཚབ་ཡོངས་བསྡོམས་ ཨེ་ཀར་༢༥.༧༤ སྤྲོད་ཚར་ཡོདཔ་ད་ མི་༧ ལུ་ས་འཐུས་དངུལ་ཀྲམ་༢,༩༢,༢༤༠ སྤྲོད་ཡི་ཟེར་ ཀུན་བཟང་གིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ ས་འཐུས་སྤྲོད་མི་དེ་ ཌིས་༡༠ འོག་རྒྱུ་འཆང་མི་ལུ་ གནང་ཡི་ཟེར་ཨིནམ་ད་ ས་འཐུས་དངུལ་ཀྲམ་༢,༩༢,༢༤༠ དེ་ ས་ཡོངས་བསྡོམས་ཌིས་༤༢ ཀྱི་དོན་ལུ་ གནང་མི་ལས་ རྩིས་ཕབ་པའི་སྐབས་ ཌིས་རེ་ལུ་ དངུལ་ཀྲམ་༦,༩༥༨.༠༩ གི་རྩིས་གནས་ཡོདཔ་ཨིན་པས།
ཀུན་བཟང་གིས་འབད་བ་ཅིན་ ད་ལྟོ་ ས་ཁྲམ་འཆང་མི་༣༠ གྱི་ ས་ཚབ་སྤྲོད་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ དེ་ཡང་ མི་༨ ཀྱི་ ས་ཚབ་སྤྲོད་ནིའི་ལཱ་ འབད་བའི་བསྒང་ཡོད་མིའི་ ཡིག་ཆས་ཚུ་ རྫོང་མེ་མཆོད་བཞེས་པའི་སྐབས་ འཚིགས་ནི་དེ་གིས་ ལོག་སྟེ་ར་ ལཱ་འབད་དགོ་ཟེར་ཨིན་པས།
གཞུང་གིས་ ས་ཚབ་གནང་མི་ གུང་པ་༥༩ གིས་ ད་ལྟོའི་བར་ན་ཡང་ ས་ཁྲམ་ཐོབ་མ་ཚུགས་པར་ཡོདཔ་ལས་ ཚ་གྱང་སྦོམ་ལང་སྟེ་ཡོདཔ་ད་ དེ་ཡང་ མི་ཚུ་གིས་ སླབ་མིའི་ནང་ ས་གཞུང་བཞེས་འབད་བའི་སྐབས་ ས་དགོཔ་ཅིག་ འབག་འགྱོ་ནིའི་དབང་ཚད་ཡོད་རུང་ ས་ཚབ་བྱིན་ནིའི་ཐད་ལུ་ལྷོདཔ་ད་ ས་ཚབ་འཇལ་ཏེ་ ལོ་༢ དེ་ཅིག་ལང་རུང་ ཁྲམ་བྱིན་མ་བཏུབ་ཟེར་ཨིན་པས།
ཁྲམ་མེད་པ་ཅིན་ ས་ཚབ་ཐོབ་མིའི་ནང་ ཁྱིམ་རྐྱབ་མ་ཆོག་པའི་ཁར་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་མ་ཐོབ་མ་ཚད་ ས་ཉོ་བཙོང་ཡང་ འཐབ་མ་ཆོགཔ་ལས་ དཀའ་ངལ་སྦོམ་འདུག་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment