གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐུན་པ་སྤུན་བཞིའི་ ཨོམ་ཚོགས་པའི་ཚོང་འབྲེལ་ ལེགས་ཤོམ་འགྱོ་དོ་ཡོདཔ།

༢༤/༧/༢༠༡༢   ༉ མོང་སྒར་རྫོང་ཁག་ སྔ་ཚང་རྒེད་འོག་ ཡ་ལྡི་ཁྲོམ་ཁར་ཡོད་པའི་ མཐུན་པ་སྤུན་བཞིའི་ཨོམ་ཚོགས་པ་གིས་ ད་རེས་ནངས་པ་ ཨོམ་གྱི་ཚོང་འབྲེལ་དེ་ ལེགས་ཤོམ་འགྱོ་དོ་ཡོདཔ་ལས་བརྟེན་ མི་སེར་སོ་ནམ་པ་ཚུ་ སེམས་དགའ་ཡོདཔ་ཨིན་པས།
ཨོམ་གྱི་ཐོན་སྐྱེད་བཟོ་ནིའི་དོན་ལུ་ ལཱ་འབད་བའི་བསྒང་།


འཐུས་མི་༣༥ འབད་མི་ ཨོམ་ཚོགས་པ་དེ་ ན་ཧིང་ སྤྱི་ཟླ་༡༠ པ་ནང་ལས་ འགོ་བཙུགས་ཡོདཔ་ད་ ཉིན་བསྟར་བཞིན་དུ་ ཨོམ་ཚོགས་པ་གིས་ ཨོམ་ལི་ཊར་༤༠ དང་༥༠ གི་བར་ན་ བཙོང་ཚུགས་དོ་ཡོདཔ་ལས་ འཐུས་མི་ཚུ་གིས་ རང་གསོའི་བ་ཚུ་ལས་ ཨོམ་བཞོ་སྟེ་ ཨོམ་བཙོང་ཁང་ནང་ འབག་བསྐྱལ་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༦༧ ལང་མི་ གསང་པོ་གིས་ ཨ་རྟག་ར་དྲོ་པའི་ཆུ་ཚོད་༨ དེ་ཅིག་ལུ་ ཁོ་རའི་ ཇཱར་སི་བ་༢ ཡོད་མི་ལས་ ཨོམ་བཞོ་སྟེ་ བཙོང་ཁང་ནང་འབག་འབྱོ་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འདས་པའི་ལོ་ལེ་ཤ་ཅིག་གི་རིང་ལུ་ ཨོམ་ཚོང་འབྲེལ་ལེགས་ཤོམ་སྦེ་འཐབ་མ་ཚུགས་ནི་དེ་གིས་ ད་རེས་ནངས་པ་བཟུམ་སྦེ་ སྒོ་ནོར་སེམས་ཅན་ལུ་བརྟེན་ དངུལ་གྱི་འོང་འབབ་ འབོར་ཆེ་ཏོག་ཏོ་ཅིག་བཟོ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ ཚོགས་པའི་འཐུས་མི་འབད་འཛུལ་ཞིནམ་ལས་ཚུར་ ཉིན་བསྟར་བཞིན་དུ་ ཉུང་ཤོས་ ཨོམ་ལི་ཊར་༧ དེ་ཅིག་བཙོང་མི་གིས་ ཟླ་རིམ་ལུ་ དངུལ་ཀྲམ་༥༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ད་ དེ་ཡང་ ཨོམ་ལི་ཊར་རེ་ལུ་ དངུལ་ཀྲམ་༢༥ རེ་སྦེ་ ཚོགས་པའི་ཨོམ་བཙོང་ཁང་ནང་བཙུགས་ཡོདཔ་བཞིན་དུ་ ཨོམ་བཙོང་མིའི་ འོང་འབབ་ལས་ དངུལ་ཀྲམ་༥ རེ་ ཚོགས་པའི་མ་དངུལ་ནང་བཙུགས་དགོཔ་ཨིན་པས།
ཁོ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཡ་ལྡི་གཡུས་ཚན་ནང་ཨོམ་བཙོང་ཚུགས་ནི་དེ་ ག་ནི་བ་ལཱ་ཁག་ཅིག་ཨིན་རུང་ ད་རེས་ནངས་པ་ ཚོགས་པ་གཞི་བཙུགས་འབད་ཞིནམ་ལས་ ཨོམ་གྱི་ཚོང་འབྲེལ་ལེགས་ཤོམ་འཐབ་ཚུགས་དོ་ཡོདཔ་མ་ཚད་ ཨོམ་ཐད་ཀར་དུ་བཙོང་ཚུགས་མི་དེ་གིས་ ང་བཅས་ལུ་ ལཱ་འཇམ་ཤོས་ཅིག་ཨིན་པའི་ཁར་ སྟབས་བདེ་དྲག་འདུག་ཟེར་ཨིན་པས།
སྐྱེས་ལོ་༢༥ ལང་མི་ གནས་བརྟན་གྱིས་ཡང་ ཁོ་ལུ་ ཇཱར་སི་བ་༢ ཡོད་མི་ལས་ དྲོ་པ་ཨ་རྟག་ར་ ཨོམ་ལི་ཊར་༥ དེ་ཅིག་ བཙོང་པར་འགྱོ་དོ་ཡོདཔ་ལས་ ཁོ་གིས་སླབ་མིའི་ནང་ མར་དང་ དར་ཚིལ་བཟོ་སྟེ་བཙོང་པ་ཅིན་ ལཱ་འབད་དགོཔ་ལེ་ཤ་ཐོན་དོ་ཡོདཔ་ལས་ ཚོགས་པ་གཞི་བཙུགས་འབད་མི་དེ་གིས་ སོ་ནམ་པ་ཚུ་ལུ་ཕན་ཐོགས་སྦོམ་འདུག་ཟེར་ཨིན་པས།
ཨོམ་ཚོགས་པའི་དྲུང་ཆེན་ བསོད་ནམས་ཚེ་རིང་གིས་སླབ་མིའི་ནང་ ཡ་ལྡི་མི་སེར་ཚུ་གི་དོན་ལུ་ འདེམས་ཁོངས་གནང་བྱིན་མ་དངུལ་གྱི་རྒྱབ་སྐྱོར་ཐོག་ལས་ ཚོགས་པ་གཞི་བཙུགས་འབད་མི་དེ་གིས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིནམ་ད་ ད་རེས་ནངས་པ་ ཚོགས་པའི་མ་དངུལ་ཡང་ དངུལ་ཀྲམ་༥༥,༠༠༠ དེ་ཅིག་ བཟོ་ཚུགས་ཏེ་ ཡོད་ཟེར་ཨིན་པས།
ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༤༠ དང་༥༠ འི་བར་ན་ བཙོང་ཚུགས་མི་དེ་ཡང་ ཡ་ལྡི་ཁྲོམ་ཁར་ཡོད་མི་ སློབ་གྲྭའི་སློབ་དཔོན་དང་ སློབ་ཕྲུག་ དེ་ལས་ ཚོང་པ་དང་ ཞི་གཡོགཔ་ཚུ་གིས་ ཉོ་དོ་ཡོདཔ་མ་ཚད་ མོང་སྒར་དང་ བཀྲིས་སྒང་གི་བར་ན་ འགྲོ་འགྲུལ་འབད་མི་རེ་༢ ཀྱིས་ཡང་ ཉོ་འབག་དོ་ཡོདཔ་ཨིན་པས།
འཐུས་མི་༣༥ འབད་མི་ མཐུན་པ་སྤུན་བཞིའི་ཨོམ་ཚོགས་པ་ལུ་ ཇཱར་སི་བ་ ཡོངས་བསྡོམས་༢༠ ལྷགཔ་ཅིག་ཡོདཔ་མ་ཚད་ ད་རུང་ འཕྲལ་ཁམས་ཅིག་ཁར་ ཇཱར་སི་བ་གསརཔ་༡༢ ཉོ་ཡོདཔ་ལས་ ད་ལས་ཕར་ ཨོམ་གྱི་ཐོན་སྐྱེད་དེ་ ལོག་ལྟབ་ཀྱིས་ ཡར་སེང་འབད་ཚུགས་ནི་ཨིནམ་བཞིན་དུ་ ཚོགས་པའི་འཐུས་མི་ཚུ་གིས་འབད་རུང་ ཚོགས་པ་དེ་ སྒྲིང་སྒྲིང་བཟོ་ཞིནམ་ལས་ མི་སེར་འཚོ་སྐྱོང་དང་ རང་མགོ་རང་འདྲོངས་ བཟོ་ཐབས་ཀྱི་ཐབས་ལམ་ལེགས་ཤོམ་ཅིག་ཨིན་མས་ཟེར་ སེམས་དགའ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment